མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《"ལོ་ལྔ་ཚན་བཅུ་གསུམ་པའི"རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་
གྱི་གསར་དར་ཐོན་ལས་འཕེལ་རྒྱས་འཆར་འགོད་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་ཆོག་མཆན་གནང་བ་བརྒྱུད་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་འཆར་འགོད་》(གཤམ་དུ་《འཆར་འགོད་》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་དམིགས་ཚད་དང་། གཙོ་གནད་ལས་འགན། སྲིད་ཇུས་བྱེད་ཐབས་སོགས་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
           《འཆར་འགོད་》ནང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱིས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཁ་ཕྱོགས་མཚོན་པ་དང་དེ་ནི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་འབྱུང་འགྱུར་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་ཐོབ་པར་བྱེད་པའི་འགག་རྩའི་ཁྱབ་ཁོངས་ཡིན། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གོ་ལ་ཧྲིལ་པོའི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་འགངས་ཆེན་ཁོང་དུ་དམ་པོར་ཆུད་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བཀོད་སྒྲིག་བྱེད་མགྱོགས་སུ་གཏོང་བའི་བླང་བྱ་གཞིར་བཟུང་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། གཞི་ཁྱོན་ཆེ་རུ་གཏོང་བ། རིམ་སྤོར་ལ་ཁྲིད་སྟོན་བྱེད་རྒྱུ་བཅས་ལྟེ་བར་བྱས་ཏེ་དེང་དུས་ཀྱི་ཐོན་ལས་མ་ལག་སྐྲུན་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། སྒྱུར་བཅོས་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། གསར་གཏོད་ནུས་པ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། རྩེར་སོན་སྒྲིག་ཆས། རྒྱུ་ཆ་གསར་པ། སྐྱེ་དངོས། ནུས་རྒྱུ་གསར་པའི་རླངས་འཁོར། ནུས་རྒྱུ་གསར་པ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་། གྲངས་འཛིན་བསམ་བཀོད་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ཁྱབ་ཁོངས་དེ་བས་ཆེ་བའི་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པ། དེང་དུས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ། ཐོན་ལས་རིམ་པ་འབྲིང་མཐོའི་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་བསྟན་ཡོད།
          《འཆར་འགོད་》ནང་2020ལོར་སླེབས་སྐབས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་རིན་ཐང་འཕར་མས་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་གི་བསྡུར་ཚད་15%བཟུང་ནས་དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། རྩེར་སོན་བཟོ་སྐྲུན། སྐྱེ་དངོས། ལྗང་མདོག་ཐཱན་ཉུང་། གྲངས་འཛིན་བསམ་བཀོད་སོགས་ཐོན་རྫས་རིན་ཐང་གི་གཞི་ཁྱོན་སྒོར་དུང་ཕྱུར་10རིམ་པའི་ཀ་རྟེན་གསར་པ་5ཆགས་པ་དང་འབྲེལ་ཁྱབ་ཁོངས་དེ་བས་ཆེ་བའི་ཁྲོད་ལས་རིགས་ལས་བརྒལ་བའི་མཉམ་འདྲེས་ཀྱི་འཕར་གཞི་གསར་པ་ཆགས་ནས་ཆ་སྙོམས་བྱས་ན་ལོ་རེར་མི་ཁྲི་100ཡན་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་དང་ཐོན་ལས་གྲུབ་ཆ་སྔར་བས་ལེགས་སུ་སོང་ནས་ཐོན་ལས་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་གོ་ལ་ཧྲིལ་པོའི་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་ས་གསར་པ་ཆགས་པར་བྱེད་དགོས་ཞེས་བཏོན་པ་རེད།
           《འཆར་འགོད་》ནང་ཕྱོགས་བརྒྱད་ཀྱི་འཕེལ་རྒྱས་ལས་འགན་གཏན་འཁེལ་བྱས་པ་སྟེ། གཅིག་ནི་ཆ་འཕྲིན་ལག་རྩལ་གྱི་ཐོན་ལས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ནས་དྲ་རྒྱའི་དཔལ་འབྱོར་གྱི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་བ་དང་། གཉིས་ནི་རྩེར་སོན་སྒྲིག་ཆས་དང་རྒྱུ་ཆ་གསར་པའི་ཐོན་ལས་ཚད་བརྒལ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་བཟོ་སྐྲུན་གྱི་མཆོང་སྐྱོད་གསར་པར་སྣེ་ཁྲིད་བྱེད་པ། གསུམ་ནི་སྐྱེ་དངོས་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ནས་སྐྱེ་དངོས་དཔལ་འབྱོར་གྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་པ། བཞི་ནི་ནུས་རྒྱུ་གསར་པའི་རླངས་འཁོར་དང་། ནུས་རྒྱུ་གསར་པ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐོན་ལས་མགྱོགས་མྱུར་སྟོབས་ཆེར་འགྲོ་བར་སྐུལ་འདེད་བཏང་སྟེ་རྒྱུན་སྲིང་འཕེལ་རྒྱས་གཏོང་སྟངས་གསར་པ་ཆགས་པར་བྱེད་པ། ལྔ་ནི་གྲངས་འཛིན་བློ་གསར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་གསར་གཏོད་ལ་བརྟེན་ནས་འཛད་སྤྱོད་གསར་པར་སྣེ་ཁྲིད་བྱེད་པ། དྲུག་ནི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་ལ་ད་བརྒལ་ངང་བཀོད་སྒྲིག་བྱས་ཏེ་འབྱུང་འགྱུར་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་པ། བདུན་ནི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གཅིག་སྡུད་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་པ། བརྒྱད་ནི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྒོ་དབྱེ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་མཉམ་ལས་ཀྱི་ཐབས་ལམ་གསར་པ་རྒྱ་ཆེར་གཏོང་བ་བཅས་རེད།
         《འཆར་འགོད་》ནང་དོ་དམ་བྱེད་སྟངས་འཐུས་ཚང་དང་། ཐོན་ལས་གསར་གཏོད་ཀྱི་མ་ལག་སྐྲུན་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དངུལ་རྩའི་ནོར་ཁྲལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་དང་སྐུལ་གཏོང་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་དྲུག་གི་སྲིད་ཇུས་འགན་ལེན་དང་རྒྱབ་སྐྱོར་བྱེད་ཐབས་བཏོན་པ་དང་ཕྱོགས་བསྡུས་གློག་ལམ་འཕེལ་རྒྱས་འདུ་འགོད་དང་། མི་ཐབས་ལ་བརྟེན་པའི་རིག་ནུས་གསར་གཏོད་འདུ་འགོད། སྐྱེ་དངོས་ལག་རྩལ་དམངས་ཕན་འདུ་འགོད། ནུས་རྒྱུ་གསར་པའི་བསྡུར་ཚད་མཐོ་བའི་འཕེལ་རྒྱས་འདུ་འགོད། གྲངས་འཛིན་རིག་གནས་བློ་གསར་ལག་རྩལ་དང་སྒྲིག་ཆས་གསར་གཏོད་རིམ་སྤོར་གྱི་འདུ་འགོད་སོགས་ཚུད་པའི་འདུ་འགོད་འགངས་ཆེན་ཁག་21བཀོད་སྒྲིག་བྱས་པ་རེད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཆར་འགོད་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཐོག་ཆེད་དོན་འཆར་འགོད་ཁག་དང་ས་གནས་ཀྱི་འཆར་འགོད་དང་འཆར་འགོད་དེ་གའི་དབར་སྦྲེལ་མཐུད་ཀྱི་ལས་ཀར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

  
2016-12-01 2016-11-30