མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འབད་འཐབ་ལ་བརྟེན་ནས་འགན་འཁྲི་སྒྲུབ། དངོས་སྒྲུབ་ལ་བརྟེན་ནས་ཕུགས་འདུན་མངོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་16ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།
         དམངས་གཙོ་དར་སྤེལ་དང་། རྒྱལ་དོན་མཉམ་གླེང་། སེམས་ནུས་གཅིག་སྒྲིལ། འབྱུང་འགྱུར་འཆར་འགོད་བཅས་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། དེ་ནི་དམངས་ཀྱི་བློ་གྲོས་གཅིག་སྡུད་དང་མི་སེམས་གཅིག་སྒྲིལ་བྱེད་པའི་ཚོགས་ཆེན་ཞིག་དང་སྤྱོད་གཙང་གཞུང་དྲང་དང་དངོས་སྒྲུབ་ནུས་ཆེའི་ཚོགས་ཆེན་ཞིག་རེད། ཚོགས་ཞུགས་འཐུས་མིས་ཚད་མཐོའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་མཐའ་འཁྱོངས་གནང་སྟེ་དམངས་ཀྱི་མགྲིན་ཚབ་པ་དང་སེམས་ནུས་གང་ཡོད་ཀྱིས་འགན་འཁྲི་བསྒྲུབས་ནས་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་ལེའུ་གསར་པ་བརྩམས་གནང་ཡོད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
          “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ཚོགས་འདུའི་ཐོག་རྒྱལ་ཁབ་ལས་ཁུངས་ཁག་གི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བླང་བྱ་གང་ལེགས་མཚོན་པ་དང་། སྲིད་འཛིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཐབས་ཇུས་མཚོན་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་བསམ་ཕྱོགས་མཚོན་པ། ལས་དོན་ཕྱོགས་སྡོམ་དངོས་ཐོག་བདེན་འཚོལ། དུས་བབ་དབྱེ་ཞིབ་ཕྱི་རོལ་ཡུལ་དང་མཐུན་ལ་ཡང་དག་པ། བཏོན་པའི་ལས་འགན་ཁ་གསལ་ལ་ཞིབ་ཚགས་པ་བཅས་ཡོད་པས་དེ་ནི་དངོས་བརྩོན་དངོས་སྒྲུབ་དང་། གསར་འབྱེད་གསར་གཏོད། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད། འཐུས་མི་ཚོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང“ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ནན་ཏན་གསན་ནས་གྲོས་ཞིབ་གནང་བ་དང་། འབྲེལ་ཡོད་གྲོས་གཞི་ཁག་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་གང་ལེགས་མཚོན་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དྲང་ནུས་སྟོབས་ཆེན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུས་ཡོད།
          བཅའ་ཁྲིམས་ནི་རྒྱལ་ཁབ་སྐྱོང་བའི་ལག་ཆ་གལ་ཆེན་དང་ཁྲིམས་བཟང་ནི་ལེགས་སྐྱོང་གི་སྔོན་འགྲོའི་ཆ་རྐྱེན་རེད། རང་རྒྱལ་གྱི་དོན་དངོས་དང་དགོས་མཁོ་དང་འཚམ་པའི་དམངས་དོན་སྐོར་གྱི་ཁྲིམས་གཞུང་ཞིག་རྩོམ་སྒྲིག་བྱ་རྒྱུ་ནི་ཀྲུང་གོ་གསར་པའི་མི་རབས་ཁ་ཤས་ཀྱི་ཕུགས་འདུན་རེད། ད་ཐེངས་ཀྱི་ཚོགས་འདུའི་གྲུབ་འབྲས་གལ་ཆེན་ཞིག་ནི་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་ལ་གྲོས་ཞིབ་དང་གྲོས་འཆམ་བྱུང་བ་དེ་རེད། འཐུས་མི་ཚོས་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་མ་ཟད་ཁྲིམས་འཛུགས་པའི་ཆོས་ཉིད་ལའང་བརྩི་འཇོག་བྱས་པ་དང་། དམངས་དོན་ཁྲིམས་འཛུགས་ཀྱི་ལོ་རྒྱུས་ཀྱི་རྒྱུན་མཐུད་རང་བཞིན་ལ་བརྩི་འཇོག་བྱས་པ་མ་ཟད་དེང་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་བླང་བྱ་དང་ཡང་མཐུན་པ། རང་རྒྱལ་གྱི་ཕུལ་བྱུང་བཅའ་ཁྲིམས་རིག་གནས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་པ་མ་ཟད་ཕྱི་རྒྱལ་གྱི་ཁྲིམས་འཛུགས་པའི་ཕན་ཡོད་ཉམས་མྱོང་ཡང་དཔྱད་གཞིར་བཟུང་ཡོད་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། ང་ཚོས་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་དངོས་སུ་བཏོན་པ་ལས། ཀྲུང་གོའི་དོན་དངོས་ལ་གཞི་ཚུགས་པ་དང་། ཀྲུང་གོའི་གནད་དོན་ལ་ཁ་གཏད་པ། ཀྲུང་གོའི་ཁྱད་ཆོས་མངོན་པ། ཀྲུང་གོའི་ཉམས་འགྱུར་ལྡན་པ་བཅས་དམངས་དོན་སྐོར་གྱི་ཁྲིམས་གཞུང་ཡག་པོ་རྩོམ་སྒྲིག་བྱེད་པར་རྨང་གཞི་བརྟན་པོ་འདིང་རྒྱུའི་ཡིད་ཆེས་ཡོད།
          འབྱུང་འགྱུར་གྱི་དུས་བབ་དང་ལས་འགན་ལ་རྒྱང་ལྟ་བྱས་ཚེ་ང་ཚོ་དཀའ་ཚེགས་ཆེ་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་འཚམ་ཞིང་ཁོང་དུ་ཆུད་ནས་ཁྲིད་སྟོན་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར། ཉེན་ཁ་དང་འགྲན་སློང་མང་པོ་དང་འགལ་ཟླ་གཏིང་ཟབ་པའི་གནད་དོན་ལ་ཁ་གཏད་གཅོག་དགོས་ཀྱི་ཡོད། དཀའ་ཚེགས་ལ་མི་སྐྲག་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལས་དོན་ཁག་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩི་དགོས་པ་དང་། ངེས་པར་དུ་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་ཁབ་ལས་ཁུངས་ཀྱི་མཐུན་སྦྱོར་དང་ནུས་ཆེའི་འཁོར་རྒྱུག་འགན་ལེན་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་འགྱུར་མེད་སྟོབས་ལྡན་གྱི་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།
         ཁྲིམས་ཀྱིས་བསྐྱངས་པས་གནམ་འོག་བདེ་ལ་འཁོད། དམངས་གཙོར་བརྟེན་ནས་གསོན་ཤུགས་འཕེལ་བར་བྱེད། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་གི་འཐབ་ས་དང་པོར་ལངས་ཚེ་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་པ་དང་དམངས་གཙོའི་ཁྲིམས་འཛུགས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྲིམས་བཟང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་ལེན་དང་ལེགས་སྐྱོང་འགན་ལེན་བྱེད་པ་ཡིན་ནའང་འདྲ། ཡང་ན་ཁྲིམས་འཛུགས་པའི་སྤུས་ཚད་གོང་མཐོར་ཧུར་ཐག་གཏོང་བ་ཡིན་ཡང་རུང་ཁྲིམས་སྐྱོང་དང་སྒྱུར་བཅོས་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་འཕེལ་བརྟན་གསུམ་ལ་ཁྲིམས་སྐྱོང་འགན་ལེན་བྱེད་དགོས་པ་དང་། རྒྱལ་ཡོངས་མིག་མངས་སྒྲིག་སྐོར་གཅིག་མཐའ་འཁྱོངས་བྱས་ཏེ་ཁྲིམས་གཏན་འཁེལ་བའི་འགན་དབང་དང་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར་ལྟ་སྐུལ་ཡང་དག་དང་ནུས་ལྡན་བྱས་ཏེ“སྲིད་གཞུང་གཅིག་དང་ཁང་གཉིས”ཀྱིས་ཁྲིམས་ལྟར་སྲིད་འཛིན་དང་གཞུང་དྲང་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བ་ཡིན་ཀྱང་རུང་། ཡང་ན་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་དོན་ལ་ལྟ་སྐུལ་བྱེད་པའི་ཤུགས་རྒྱག་ས་འཕྱུགས་མེད་བཙལ་ཏེ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱེད་པའི་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་ཡིན་ཀྱང་རུང་། དམངས་ཀྱི་འབོད་སྒྲར་ཨ་ལན་ཧུར་ཐག་བསློགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ས་གནས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཚང་མར་བྱེད་རིན་ཆེན་པོ་ཡོད་པ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་གི་ཆེས་རྩ་བའི་འགན་ལེན་ཡིན་པའི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་པའི་མི་དམངས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ་དུས་བབ་རྙོག་འཛིང་ཆེན་པོ་ཇི་འདྲ་ཡོད་པ་དང་ལས་འགན་དཀའ་ཚེགས་ཆེན་པོ་ཇི་འདྲ་ཡོད་རུང་། ང་ཚོས་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་མི་དམངས་རང་ཉིད་ཀྱིས་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་དམངས་གཙོ་ཁྲིམས་སྐྱོང་གི་ཡར་ཐོན་གསར་པར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པའི་ཡིད་ཆེས་ཡོད།
          འདི་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ། སྐབས་འདིའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་འགན་འཁུར་བའི་ལོ་མཇུག་ཤོས་དེ་ཡིན་པས། གནད་དོན་མི་ཉུང་བ་ཞིག་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་དང་། འོས་འཚམ་གྱིས་ཁ་གཏད་གཅོག་དགོས་པ། ནུས་ཤུགས་མཉམ་འདོན་གྱིས་འགག་སྒྲོལ་བྱེད་དགོས། འགན་འཁྲི་སྒྲུབ་པར་འགན་འཁུར་རྒྱུ་གལ་ཆེ་ཞིང་། དངོས་སྒྲུབ་ལ་བརྟེན་ནས་འོད་སྟོང་གཏོད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཕྱར་བ་གྲུ་འདེགས་དང་། འབད་འབུངས་ཆེར་བསྐྱེད། གསར་འབྱེད་ཡར་བརྩོན། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།