མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས།འཕེལ་རྒྱས་ཀྱི་
འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་
བཏང་ནས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེ་མོ་གང་
མགྱོགས་སྐྲུན་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་07ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞིས་ཅིན་ཕིང་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས།འཕེལ་རྒྱས་ཀྱི་
འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་
བཏང་ནས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེ་མོ་གང་
མགྱོགས་སྐྲུན་དགོས་པའི་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚེས་5ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པ། གཞན་གྱི་སྔོན་དུ་བྱ་བ་སྒྲུབ་ཕོད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པ། གསར་གཏོད་ལ་བརྟེན་ནས་ཡར་སྐུལ་བྱེད་རྒྱུར་སྣེ་ཁྲིད་བྱེད་པ། ཡིད་དབང་འཕྲོག་ནུས་དང་། གསར་གཏོད་བྱེད་ནུས། འགྲན་རྩོད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེ་མོ་གང་མགྱོགས་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
         ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་བསྡུར་གྱི་རྣམ་པ་འཁྲུག་ཆ་དོད་པ་དང་གཏམ་བཤད་ཚ་ཚ་འུར་འུར་ངང་སྤེལ་ཞིང་། དབྱིང་ཡུང་དང་། ལི་ལིན། ཅིན་ཕུང་། ཀྲང་ཀྲའོ་ཨེན། སུན་གཡོད་མིང་། ཧྥན་ཡུན། ཞུས་ཉིང་ཧྲེང་སོགས་འཐུས་མི7གྱིས་ཧྲང་ཧའེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། ཚན་ཞིབ་མི་སྣའི་གསར་གཏོད་གསོན་ཤུགས་འདོན་སྤེལ་བྱེད་པ། རྒྱ་མཚོའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲུང་མིང་སྣོད་བཅུད་གླིང་ཕྲན་འཛུགས་སྐྲུན་བྱེད་པ། གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནོར་ཁྲལ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སློབ་གསོ་སྒྱུར་བཅོས་ཟབ་ཏུ་གཏོང་བ་སོགས་ཀྱི་གནད་དོན་ཐད་བསམ་འཆར་གླེང་གནང་བ་རེད། ཞི་ཅིན་ཕིང་གིས་གསན་ཞོར་དུ་ཟིན་བྲིས་བསྐྱོན་ནས་འཐུས་མི་ཚོ་དང་གྲོས་བསྡུར་གཏིང་ཟབ་གནང་བ་རེད།
         འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གནང་ཞིང་། ཁོང་གིས་དང་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་དང་། ལོ་གཅིག་ནང་རྒྱལ་སྤྱིའི་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་རྒྱལ་ནང་གི་དཔལ་འབྱོར་འཕར་རྒྱུ་ཆག་པའི་གནོན་ཤུགས་ཅུང་ཆེ་བའི་མདུན་དུ་ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་པ་བཅས་བྱས་པས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཚུགས་ཐུབ་པ་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ལོ་གཅིག་རིང་ཧྲང་ཧའེ་ཡིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་ལ་དམིགས་ནས་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཧྲང་ཧའེ་ཡི་བློ་མཐུན་ཚོས་མུ་མཐུད་རྒྱལ་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྣེ་ཁྲིད་པ་ཡག་པོ་བྱེད་པ་དང་གསར་གཏོད་འཕེལ་རྒྱས་ཀྱི་སྔོན་སྐྱོད་པ་བྱེད་པའི་བླང་བྱ་གཞིར་བཟུང་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་སྒྱུར་བཅོས་ཐད་བྱས་རྗེས་གསར་པ་འཇོག་པ་དང་། ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་པ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་བྱས་རྗེས་གསར་པ་འཇོག་པ་བཅས་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
         ཞིས་ཅིན་ཕིང་གིས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་འཐབ་ཇུས་ཀྱི་བྱ་ཐབས་ཤིག་རེད། ཀྲུང་གོས་ཕྱེ་བའི་སྒོ་མོ་ཆེ་མོ་རྒྱག་མི་སྲིད་པས་ཕྱོགས་མང་པོའི་ཐད་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། ཧྲང་ཧའེ་ཡིས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་ཚད་བརྒལ་ཡོང་ཕོད་པ་བྱས་ཏེ་མིག་དཔེ་ཡག་པོ་སྟོན་དགོས་པ་དང་། ཚད་གཞི་མཐོ་ཤོས་དང་དཔྱད་བསྡུར་བྱེད་པ་དང་། ཞན་ཆ་དང་སྐྱོན་ཆ་འཚོལ་ཞིབ་བྱེད་པ། བློ་ཁོག་ཆེན་པོས་ཚོད་ལྟ་དང་། བློ་ཁོག་ཆེན་པོས་ཞུགས་པ། རང་བརྟེན་ལེགས་གཏོང་བཅས་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་དབྱེའི་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བའི་ནུས་པ་སྔར་ལས་མངོན་པར་བྱས་ཏེ་རང་རྒྱལ་གྱིས་འཛམ་གླིང་ལ་ཕྱོགས་མང་ནས་སྒོ་མོ་དབྱེ་བའི་རྣམ་འགྱུར་གསལ་པོ་མངོན་པར་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དེ་ཉིད་སྒོ་དབྱེ་དང་གསར་གཏོད་གཞི་གཅིག་ཏུ་འདྲེས་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་ཁུལ་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་པ་དང་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་ཁྲོམ་རའི་བྱེད་པོ་ཕྱིར་སྐྱོད་རྒྱུར་སྐུལ་འདེད་གཏོང་བའི་ཟམ་སྣེའི་བཙན་རྫོང་ལྟ་བུ་ཞིག་ཏུ་འགྱུར་བ་བྱེད་དགོས། བརྒྱུད་རིམ་ལྡན་པའི་བསམ་བློ་བཙུགས་ཏེ་སྒྱུར་བཅོས་ཀྱི་བྱེད་ཐབས་དང་རྟ་སྒ་ཆ་སྒྲིག་གི་ཐབས་ཇུས་ལ་མཐོང་ཆེན་བྱེད་པ་དང་དུས་མཚུངས་རང་མོས་ཉོ་ཚོང་ཁུལ་ནང་ཁུལ་གྱི་སྒྱུར་བཅོས་དང་གྲོང་ཁྱེར་ཡོངས་ཀྱི་སྒྱུར་བཅོས་གཉིས་མཉམ་འགུལ་ཐུབ་པ་དང་ཧྲང་ཧའེ་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་དང་ཚན་རྩལ་གསར་གཏོད་ལྟེ་གནས་གཉིས་མཉམ་འགུལ་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་ཇུས་ཀྱི་འདུས་གྲུབ་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྔོན་ལ་བྱ་སྤྱོད་སྤེལ་བའི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྒྱལ་སྤྱིའི་མ་འཇོག་དང་ཉོ་ཚོང་བྱེད་པའི་སྒྲིག་སྲོལ་གཉིས་སྦྲེལ་མཐུད་ཐུབ་པའི་ལམ་ལུགས་མ་ལག་སྔོན་ལ་བསྐྲུན་ཏེ་འདྲ་སྤོ་ཆོག་ལ་ཁྱབ་གདལ་གཏོང་ཆོག་པའི་ལམ་ལུགས་ཀྱི་གསར་གཏོད་གྲུབ་འབྲས་དེ་བས་མང་བ་ཐོབ་པའི་བརྩོན་ལེན་བྱེད་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཚོད་ལྟ་བྱེད་ས་གཞན་དག་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
        འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེ་མོ་གང་མགྱོགས་སྐྲུན་དགོས་པའི་ནན་བཤད་གནང་བ།
        ཞིས་ཅིན་ཕིང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་འཚམ་པ་དང་ཁྲིད་སྟོན་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་རྩ་བ་ནི་གསར་གཏོད་ལ་བརྟེན་དགོས་ཀྱི་ཡོད། གོ་ལ་ཧྲིལ་པོའི་མིག་རྒྱང་དང་རྒྱལ་སྤྱིའི་ཚད་གཞིའི་ཐོག་ནས་ཚན་རིག་གི་ལྟེ་བ་གཅིག་སྡུད་བྱེད་ཚད་དང་མངོན་ཚད་མཐོ་རུ་བཏང་སྟེ་རྨང་གཞིའི་ཚན་རྩལ་ཁྱབ་ཁོངས་སུ་གསར་གཏོད་ཆེན་པོ་བྱེད་པ་དང་འགག་རྩའི་ལྟེ་བའི་ལག་རྩལ་ཁྱབ་ཁོངས་སུ་ཚད་བརྒལ་གལ་ཆེན་ཡོང་བ་བྱེད་དགོས། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འཇུར་མིག་ཚོད་འཛིན་ལས་ཚད་བརྒལ་བྱས་ནས་སྒྲིག་གཞི་དང་། ཤེས་ལྡན་པ། སྒྲིག་ཆས། མ་དངུལ། རྣམ་གྲངས་བཅས་ཚང་མ་བེད་སྤྱོད་གང་ལེགས་བྱས་ནས་ཚན་རྩལ་གྲུབ་འབྲས་དེ་བས་མྱུར་བའི་ངང་ཁྱབ་གདལ་བཀོལ་སྤྱོད་དང་སྤོ་སྒྱུར་གཞན་སྒྱུར་བྱེད་དགོས། ཤེས་ཡོན་ཅན་ཤེས་རྟོགས་དང་། ཤེས་ཡོན་ཅན་ལ་དགའ་ཞེན། ཤེས་ཡོན་ཅན་ལ་གུས་བཀུར། ཤེས་ཡོན་ཅན་བཀོལ་སྤྱོད་བཅས་བྱེད་པའི་སྲོལ་བཟང་དར་སྤེལ་བཏང་ནས་ཤེས་ལྡན་པ་སྐྱེད་སྲིང་དང་བཀོལ་སྤྱོད་བྱེད་པའི་ལམ་སྲོལ་སྒྱུར་བཅོས་བྱེད་པ་དང་རྒྱལ་སྤྱིར་ཐུན་མོང་ཐོག་སྤྱོད་པ་དང་བབ་བསྟུན་ནུས་ལྡན་གྱི་བྱེད་ཐབས་དཔྱད་གཞིར་འཛིན་པ་དང་བེད་སྤྱད་དེ་ཤེས་ལྡན་པའི་སྲིད་ཇུས་གསར་གཏོད་ཚད་བརྒལ་དང་ཞིབ་ཚགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གནམ་འོག་གི་འཇོན་ཐང་ཅན་བཀོལ་སྤྱོད་གང་ལེགས་བྱས་ཐོག་ཤེས་ལྡན་པ་དེ་བས་མང་བའི་འཇོན་ཐང་འདོན་དུ་འཇུག་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་གྲོང་ཁྱེར་ཆེན་པོའི་ཁྱད་ཆོས་དང་ཆོས་ཉིད་དང་འཚམ་པའི་སྤྱི་ཚོགས་བཅོས་སྐྱོང་གི་ལམ་བུ་གསར་པར་བསྐྱོད་རྒྱུ་དེ་ཧྲང་ཧའེ་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་ཆེན་པོ་ཞིག་ཡིན། རྒྱུན་མཐུད་ངང་ཤུགས་རྒྱག་པ་དང་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་ལྟར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་གྲོང་ཁྱེར་བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་བྱས་ཐོག་གྲོང་ཁྱེར་གྱི་ཕྱོགས་བསྡུས་དོ་དམ་ཁྲིམས་སྐྱོང་ཅན་གྱི་རྣམ་པ་གསར་པ་ཧུར་ཐག་ངང་ཆགས་པ་བྱེད་དགོས། རིག་ནུས་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་དོ་དམ་གྱི་ཚད་གཞི་མཐོ་རུ་གཏོང་བ་དང་དྲ་སྦྲེལ་དང་གྲངས་གཞི་ཆེ་མོ་སོགས་ཆ་འཕྲིན་ལག་རྩལ་བྱེད་ཐབས་དེ་བས་མང་བ་བཀོལ་སྤྱོད་བྱས་ནས་གྲོང་ཁྱེར་གྱི་ཚན་རིག་ཅན་དང་། ཞིབ་ཚགས་ཅན། རིག་ནུས་ཅན་བཅས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས། ཞན་ཆ་གང་མགྱོགས་གསབ་ནས་གྲོང་ཁྱེར་གྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བ་དང་། འཕེལ་རྒྱས་ལ་ཚོད་འཛིན་བྱེད་པ། མང་ཚོགས་ཀྱིས་གླེང་མང་བ་བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་དམ་བཟུང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རྒྱུན་རྣམ་གྱི་ཕུགས་ཕན་དོ་དམ་ལམ་སྲོལ་ཆགས་པ་བྱས་ནས་གྲོང་ཁྱེར་དེ་བས་སྒྲིག་ལམ་ལྡན་པ་དང་། བདེ་འཇགས་ལྡན་པ། གཙང་སྦྲ་དོད་པ་བཅས་སུ་འགྱུར་ཐུབ་པ་ཧུར་ཐག་བྱེད་དགོས། སྤྱི་ཚོགས་ཕྱོགས་ཁག་གི་ནུས་པ་འདོན་སྤེལ་བྱེད་པ་དང་སྤྱི་ཚོགས་ཡོངས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ་མང་ཚོགས་ཀྱི་ལས་དོན་མང་ཚོགས་དང་གྲོས་བསྡུར་མང་ཙམ་བྱེད་པ་དང་ཚང་མའི་ལས་ཀ་ཡིན་ཕྱིན་མི་ཚང་མ་ཞུགས་སུ་འཇུག་དགོས།
         ཁོང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ནམ་ཡང་སྒྲུབ་མུས་ཡིན་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་བཀོད་སྒྲིག་སྔར་བས་བྱས་ཡོད། བླང་བྱ་ནན་པོ་ཏང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་དོན་འཁྱོལ་བྱས་ནས་མཐའ་འཁྱོངས་ཁྲོད་གཏིང་ཟབ་ཏུ་དང་གཏིང་ཟབ་ཁྲོད་ནས་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ཏན་ཏིག་འཁུར་ཏེ་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་ཕྲག་ཏུ་འཁུར་རྒྱུར་ལྕག་སྐུལ་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་གཞི་རིམ་ཏང་རྩ་འཛུགས་ཚང་མ་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དུ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧན་ཀྲེང་སོགས་གྲོས་ཞིབ་ནང་ཞུགས་པ་རེད།