མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།"གནད་སྨིན་དབུལ་སྐྱོར’གྱི་མེ་ཏོག་དེ་ཚེམ་དྲུབ་ཡག་པོ་རྒྱག་དགོས"

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་11ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། “གནམ་སྐས་མགོར་ཆགས་པའི་གྲོང་སྡེ”ནས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཧན་ཡོན་རྫོང་ཡུན་ལི་ཤང་ཀུའུ་ལུའུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཐུས་མི་ལུའོ་ཡུན་ལན་གྱིས་ས་ཡོམ་གེགས་ཁུལ་བསྐྱར་གསོ་བསྐྱར་སྐྲུན་བྱས་པའི་པར་རིས་ཁ་ཤས་ཆེད་མངགས་ཁྱེར་ཡོད་པ་དང་། ཉིན་དེའི་གཏམ་བཤད་ནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གེགས་ཁུལ་གྱི་རྣམ་པ་གསར་པའི་པར་རིས་སྤྱན་འབུལ་ཞུ་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ཡར་བཞེངས་ནས་པར་རིས་བཞེས་པ་དང་ཆབས་ཅིག་ཞིབ་ཕྲ་གཟིགས་ནས“ཧ་ཅང་ཡག་པོ་འདུག གསར་དུ་བསྐྱར་སྐྲུན་བྱས་འདུག”ཅེས་གསུངས།
         ཟླ་3ཚེས་8ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་སི་ཁྲོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཁོང་གིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་གཏོང་བར་བློ་བརྟན་འགྱུར་མེད་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་གསར་གཏོད་གསར་སྐྲུན་བྱ་བ་ཏན་ཏིག་བསྒྲུབས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་རྣམ་པ་ཞིག་གཏོད་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་ཚོགས་རའི་ཕྱི་ནང་ཀུན་གྱི་འཐུས་མི་དང་ལས་བྱེད་པ་དང་དེ་བཞིན་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་དྲག་པོ་བྱུང་ནས་ཚང་མས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཐབས་འདོན་ཇུས་འབུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གནད་སྨིན་ཡག་པོ་ཡོང་བ་བྱས་ཏེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་རྣམ་པ་མུ་མཐུད་གཏོད་རྒྱུ་ཡིན་ཚུལ་བསྟན་ཡོད།
         ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་བརྗོད་གཞི་ཆེན་པོ་ཡག་པོ་སྒྲུབ་པ།
         ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ནི་སྔ་བར་ཕྱི་གསུམ་དུ་རྩ་སྲ་དམངས་བདེའི་འགག་རྩ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོས་ཞིབ་ནང་ཞུགས་ནས་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། ཞིང་ལས་ཀྱི་འགལ་བ་གཙོ་བོ་ནི་བསྡོམས་འབོར་མི་འདང་བ་ནས་གྲུབ་ཆའི་རང་བཞིན་གྱི་འགལ་བ་དང་འགལ་བ་གཙོ་བོའི་མཁོ་སྤྲོད་ཕྱོགས་ལ་འགྱུར་བ་དེ་ཡིན་ཞེས་གསུངས་ཡོད།
         ཚོགས་ར་ནས་དོན་ཡོང་མཁན་རེ་བ་གསར་པ་ཚོགས་པའི་ལས་འཛིན་འཐུས་མི་ལིའུ་ཡུན་ཧའོ་ཡིས“སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེས་རང་ཉིད་ལ་མྱོང་ཚོར་གཅིག་མཚུངས་བྱུང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་དེང་རབས་ཅན་དུ་འགྱུར་བའི་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། རེ་བ་གསར་པ་ཆགས་པ་ལྟ་བུའི་ཞིང་ལས་དང་ཁེ་ལས་ངོས་ནས་གོམ་སྟབས་རྗེས་མར་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་ཟོག་སྔར་ལས་མང་བ་བཟོས་ཏེ་མི་སེར་ཚོར་ལོངས་སྤྱོད་གསར་པ་སྔར་ལས་མང་བ་འཐོབ་པར་བྱ་རྒྱུ་ཡིན”ཞེས་བཤད།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷད་མེད་དང་། སྐྱེ་ལྡན། སྤྱི་གནོད་མེད་པའི་ཞིང་ལས་ཐོན་ཟོག་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གསུངས་པ་ཐོས་སྐབས། སི་ཁྲོན་ཞིང་ཆེན་ཀན་ལུའོ་རྫོང་བཟའ་བཏུང་ཞབས་ཞུ་ཀུང་སིའི་སྤྱི་གཉེར་བ་འཐུས་མི་ཕན་ཁྲེང་ཡིང་གིས“ཕག་ཤ་བསྙལ་མ་འཕེལ་རྒྱས་གཏོང་བ་ནི་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཐད་ཀྱི་བརྗོད་གཞི་ཆེན་པོ་ཞིག་ཡིན”ཞེས་ཐབས་ཤེས་གསར་པ་ཞིག་བཏོན་པ་དང་། ཁོང་གིས“ང་ཚོའི་དབྱིས་རིགས་ས་ཁུལ་གྱི་གྲོང་གསེབ་ཀྱི་ཐེམ་དུད་ཚང་མས་ཕག་པ་གསོ་བ་དང་དེའི་ཤ་ཚྭ་ཆུར་བསྙལ་བའི་བྲོ་བ་ཤིན་ཏུ་ཆེ་བས་རང་ཉིད་ཕྱིར་ལོག་རྗེས་དེར་བརྟག་དཔྱད་བྱས་ནས་ཐོན་ལས་དེ་རྒྱ་སྟོབས་ཆེ་བ་དང་སྤུས་དག་བཟོས་ནས་ཞིང་ཆེན་ཕྱི་དང་ཐ་ན་ཕྱི་རྒྱལ་ལ་ཇི་ལྟར་གཏོང་ཐབས་བྱ་རྒྱུ་ཡིན”ཞེས་དགའ་བ་གནོན་མི་ཐུབ་པའི་ངང་བཤད། 
         “གནད་སྨིན་དབུལ་སྐྱོར”གྱི་མེ་ཏོག་དེ་ཚེམ་དྲུབ་ཡག་པོ་རྒྱག་པ།
          “དབུལ་སྒྲོལ་འགག་སྒྲོལ་བྱ་བ་ཇི་ཙམ་རྗེས་སུ་སླེབས་པ་དེ་ཙམ་དུ་དཀའ་ངལ་ཆེ་བ་དང་། འགན་འཁྲི་ལྕི་ལ་ཐབས་འདོན་གནད་སྨིན་དང་ལས་ཀ་ཞིབ་ཚགས་དེ་བས་ཀྱང་དགོས”“གྲོང་ཚོར་བཅའ་སྡོད་ལས་བྱེད་པ་མུ་མཐུད་མངགས་པ་དང་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྐུལ་སློང་དང་རོགས་སྐྱོར་བྱེད་སྟངས་ལེགས་བཅོས་གཏོང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཀའ་ངལ་ཆེ་བའི་མང་ཚོགས་ཐུགས་ལ་འཆང་བཞིན་དུ་དེ་ལྟར་གསུངས།
          ཧུའུ་པེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཧོང་ཀང་གྲོང་ཁྱེར་ཡིང་ཧྲན་རྫོང་ཆུ་ཚན་གྲོང་རྡལ་པེ་ཀྲང་ཧོ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཐུས་མི་ཝང་ཅིན་ཁྲུས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་ས་གནས་ཏང་རྩ་འཛུགས་ཀྱི་གནས་བབ་ཧ་ཅང་གལ་ཆེ་བས་མང་ཚོགས་ཀྱི་འགོ་ཁྲིད་དེ་རང་བརྟེན་འཕེལ་རྒྱས་གཏོང་ནུས་ཆེ་རུ་བཏང་ནས“གཞན་སྐུལ་དབུལ་སྒྲོལ”ནས“རང་འགུལ་དབུལ་སྒྲོལ”ལ་འགྱུར་ལྡོག་གཏོང་དགོས་པ་དང་། “རང་ཉིད་ཀྱིས་བསམ་བློ་གཏོང་བ་དང་དཀའ་བ་སྤྱོད་པ་ནི་ཕུགས་ཀྱི་ཐབས་ཇུས་བཟང་པོ་ཞིག་དེ་བས་ཡིན”ཞེས་བཤད།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སུ་ལ་རོགས་པ་བྱེད་པ་དང་། སུས་རོགས་པ་བྱེད་པ། རོགས་པ་ཇི་ལྟར་བྱེད་པ། ཕྱིར་འཐེན་ཇི་ལྟར་བྱ་རྒྱུ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་གནད་ལ་འཕིགས་པ་དགོས་ལ་སྐབས་རེར“མེ་ཏོག”ཚེམ་དྲུབ་རྒྱག་པ་བཞིན་ཞིབ་ཚགས་ཀྱང་ཐོན་པ་དགོས་ཞེས་གསུངས།
         “ང་ཚོའི‘གནམ་སྐས་མགོར་ཆགས་པའི་གྲོང་སྡེ’དེ་མི་དམངས་ཚོགས་ཁང་ཆེ་མོའི་བར་སྤྱི་ལེ་2000ཙམ་གྱིས་ཆོད་ཀྱང་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེ་ངའི་སེམས་ལ་བསམ་པ་བཞིན་བྱུང་སོང་། གནད་སྨིན་དབུལ་སྐྱོར་ལས་ཀ་ཞིབ་ཚགས་བྱས་ནས་ཕྱིར་ལོག་རྗེས་ང་ཚོས‘མེ་ཏོག’དེ་ཚེམ་དྲུབ་ཡག་པོ་བརྒྱབ་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་བློ་བདེ་པོ་ཡོང་བར་བྱེད་ཀྱི་ཡིན”ཞེས་མི་དམངས་ཚོགས་ཁང་ཆེ་མོ་ནས་དོན་ཡོང་བའི་ལུའོ་ཡུན་ལན་གྱིས་གྲོང་ཚོའི་སྟར་ཁའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་ཆོད་སེམས་སྔར་བས་བརྟན་པོ་འཆང་བཞིན་དུ་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལེའང་ཧྲན་གྱི་དབུལ་སྒྲོལ་འགག་སྒྲོལ་བྱ་བར་ཐུགས་ཁུར་ལྷག་པར་གནང་ཞིང་། “སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་དེས་རང་ཉིད་ལ་ལྕག་སྐུལ་ཐེབས་པ་དང་སྦྲགས་འགན་འཁྲིའང་ལྕི་བའི་ཚོར་བ་བྱུང”ཞེས་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཨུད་ཧྲུའུ་ཅི་འཐུས་མི་ལིན་ཧྲུའུ་ཁྲེང་གིས་དེ་ལྟར་བཤད་པ་དང་། ཁོང་གིས“གནད་སྨིན་དབུལ་སྐྱོར་ཡག་པོ་བསྒྲུབ་པར་ང་ཚོའི་ལས་ཀ་སྔར་བས་ཞིབ་ཚགས་དང་ཏན་ཏིག་དགོས་པ་བསྟན་པ་དང་། མང་ཚོགས་ཀྱི་ཁེ་ཕན་ཚང་མ་དོན་ཆུང་མིན་ལ་དངུལ་སྐར་ལི་ཙམ་དང་རྣམ་གྲངས་དག་ཀྱང་དོན་དག་ཆེན་པོ་ཞིག་ཡིན”ཞེས་བཤད།
         སྤྱོད་བཟང་གཞུང་དྲང་དང་བློ་སེམས་འགྲིལ་ནས་བྱ་བ་སྒྲུབ་པ།
         སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་རྣམ་པ་ཞིག་གཏོད་རྒྱུ་ནི་རྒྱུན་བསྲིང་གི་ལས་ཀ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་འགོ་འཁྲིད་ནས《ཚད་འཛིན་》དང་《སྲོལ་ཡིག་》ལག་ལེན་ཡག་པོ་བསྟར་ཏེ་དབང་ཆའི“ཁ་ལོ་སྒྱུར་བྱེད”སྟངས་འཛིན་བྱེད་པ་དང་སྲིད་གཙང་གི“སྐྱོབ་ཐག”ཡག་པོ་བཅིངས་དགོས་ཞེས་གསུངས།
         སི་ཁྲོན་ཀོང་ཡོན་དེ་ཆིན་པ་རི་བོའི་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་དང་སི་ཁྲོན་དང་ཧྲའན་ཤིས་ཀྱི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་ལྟེ་བའི་ས་ཁུལ་དུ་གནས་ཡོད། ཀོང་ཡོན་གྲོང་ཨུད་ཀྱི་ཧྲུའུ་ཅི་འཐུས་མི་ཝང་ཧྥེ་ཡིས་བློ་བརྟན་འགྱུར་མེད་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པར་ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་རིམ་ཁག་ཚན་ཁག་དང་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱེད་དགོས། “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཀོང་ཡོན་གྲོང་ཁྱེར་གྱིས་རིམ་ཁག་ལས་བྱེད་པར་གསོ་སྦྱོང་དང་། སློབ་གསོ། དོ་དམ་བཅས་ཀྱི་བྱ་བར་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག་རུལ་རྒོལ་གྱི་སྤུ་གྲི་ངར་མ་མཐོན་པོར་འཕྱར་ནས་དབུལ་སྐྱོར་མ་དངུལ་དང་དམངས་འཚོའི་མ་དངུལ་ཁག་བེད་སྤྱོད་དང་དོ་དམ་ཡག་པོ་བྱས་ཏེ་ལྐོག་ཟའི་བྱེད་སྤྱོད་ཐོན་རྒྱུ་སྔོན་འགོག་བྱས་ཡོད”ཅེས་བཤད།
         “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་མི་འདེམས་སྤྱོད་བྱ་རྒྱུ་ནི་འགག་རྩ་ཡིན”ཞེས་ཚེས་7ཉིན་ལེའོ་ཉིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་ཟུང་འབྲེལ་བྱས་ཏེ། འདེམས་ཤོག་འཕེན་སྐུལ་དང་ལྐོག་རྔན་སྤྲད་ནས་འདེམས་པའི་གྱོད་གཞིར་ལེའོ་ཉིང་ཞིང་ཆེན་གྱིས་བསླབ་བྱ་ཟབ་མོ་བླངས་ནས་ལེའོ་ཉིང་ཞིང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་འཐུས་མི་ཝང་ཀྲེན་ཕུའུ་ཡིས་ཡང་དག་ངང་མི་སྤྱོད་ཀྱི་སྟོན་ཕྱོགས་སྔར་བས་ཕྱི་གསལ་ནང་གསལ་ཡོང་བར་ཤུགས་བརྒྱབ་སྟེ། བྱས་རྗེས་མེད་པ་དག“གནས་བཟོད”མི་བདེ་བ་དང་། “འཕྲལ་སེལ”མཁན་ལ་མདུན་ལམ་མེད་པ། དཔོན་གནས་རག་ཐབས་ཀྱི་མིར་གོ་སྐབས་མེད་པ། དཔོན་གནས་ཉོ་ཚོང་མཁན་ལ་ཐག་གཅོད་ནན་པོ་བཅས་ཡོང་བ་བྱས་ཡོད་ཅེས་བཤད།