མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཁབ་བརྒྱད་ཀྱི་གསར་དུ་བསྐོ་གཞག་བྱས་པའི་ཀྲུང་གོར་བཅའ་བཞུགས་
གཞུང་ཚབ་ཆེ་མོ་བས་ཕུལ་བའི་རྒྱལ་ཡིག་བཞེས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་བརྒྱད་ཀྱི་གསར་དུ་བསྐོ་གཞག་བྱས་པའི་ཀྲུང་གོར་བཅའ་བཞུགས་གཞུང་ཚབ་ཆེ་མོ་བས་ཕུལ་བའི་རྒྱལ་ཡིག་བཞེས་པ་རེད།
          དཔྱིད་འགོའི་དུས་ཀྱི་པེ་ཅིང་དུ་ནམ་མཁའ་དྭངས་ལ་རླུང་བུ་འཇམ། མི་དམངས་ཚོགས་ཁང་ཆེ་མོའི་རྒྱལ་སྒོ་བྱང་མའི་རྡོ་སྐས་ཀྱི་གཡས་གཡོན་གཉིས་སུ་གུས་དམག་གིས་གྲལ་སྟར་འགྲིག་པོར་ལངས་ཏེ་མགྲོན་པོ་བསུས་ནས་ཡོད་ཅིང་། རྒྱ་གླིང་གི་མགྲོན་བསུའི་དུང་བརྡ་བཏང་བ་དང་ཆབས་ཅིག་གསར་དུ་བསྐོ་གཞག་བྱས་པའི་ཀྲུང་གོར་བཅའ་བཞུགས་གཞུང་ཚབ་ཆེ་མོ་བ་ཚོ་རྡོ་སྐས་འཛེགས་ནས་མདུན་ཕྱོགས་སུ་ཕེབས། པེ་ཅིང་ཚོམས་ཆེན་དུ་ཕེབས་རྗེས་གཞུང་ཚབ་ཆེ་མོ་བ་ཚོས་ཞི་ཅིན་ཕིང་ལ་རྒྱལ་ཡིག་ཕུལ་བ་རེད། གསར་དུ་བསྐོ་གཞག་བྱས་པའི་ཀྲུང་གོར་བཅའ་བཞུགས་གཞུང་ཚབ་ཆེ་མོ་བ་ནི་ཀྲུང་གོར་བཅའ་བཞུགས་དབྱི་སི་རལ་གྱི་གཞུང་ཚབ་ཆེ་མོ་བ་ཧོ་ཙེ་ཝུའེ་དང་། ཀྲུང་གོར་བཅའ་བཞུགས་དབྱི་རག་གི་གཞུང་ཚབ་ཆེ་མོ་བ་པེའར་ཝ་ལེ། ཀྲུང་གོར་བཅའ་བཞུགས་ཅ་མེ་ཁའི་གཞུང་ཚབ་ཆེ་མོ་བ་ཆིའུ་ཝུའེ་ཅི། ཀྲུང་གོར་བཅའ་བཞུགས་ཐན་ཙན་ནི་ཡའི་གཞུང་ཚབ་ཆེ་མོ་བ་ཁའེ་ལུའུ་ཅི། ཀྲུང་གོར་བཅའ་བཞུགས་སི་ལོ་ཝ་ཁེ་ཡའི་གཞུང་ཚབ་ཆེ་མོ་བ་པེ་ལ། ཀྲུང་གོར་བཅའ་བཞུགས་ཧྥི་ལི་ཕིན་གྱི་གཞུང་ཚབ་ཆེ་མོ་བ་ལུའོ་མཱ་ན། ཀྲུང་གོར་བཅའ་བཞུགས་ཐེ་ལན་གྱི་གཞུང་ཚབ་ཆེ་མོ་བ་པི་ལི་ཡ། ཀྲུང་གོར་བཅའ་བཞུགས་ཁ་ན་ཏའི་གཞུང་ཚབ་ཆེ་མོ་བ་མའེ་ཁེ་ལེ་མུའུ་བཅས་རེད།
         ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེ་མོ་བ་ཚོ་ལས་གནས་གསར་པར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་ཁོང་ཚོས་འབྲེལ་ཡོད་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་མི་དམངས་ལ་ཟོལ་མེད་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པར་གནང་རོགས་ཞེས་ཀྱང་གསུངས་ཤིང་། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེ་མོ་བ་ཚོས་རང་རང་སོ་སོའི་འགན་འཁྲི་བསྒྲུབ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་ཡིན་ལ་རྒྱབ་སྐྱོར་ཡང་བྱ་རྒྱུ་ཡིན། སླད་ཕྱིན་ཁྱེད་ཚོས་འགན་འཁྲི་བཞེས་རིང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་དང་ཕྱོཌ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་ཕྱིར་ལེཌ་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེ་མོ་བ་ཚོས་ཀྲུང་གོའི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ཀྱི་ནུས་པར་གདེང་འཇོག་གང་ལེགས་གནང་བ་དང་། རང་རང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་མཚོན་པར་གནང་བ་དང་སྦྲགས་ཀྲུང་གོ་དར་རྒྱས་འབྱོར་ཕྱུག་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཡང་ཞུས། གཞུང་ཚབ་ཆེ་མོ་བ་ཚོས་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུའི་རེ་སྒུག་བྱེད་ལུགས་ཀྱང་ཞུས་ཤིང་། ཁོང་ཚོས་ད་དུང་ད་རེས་ཀྲུང་གོར་གཞུང་ཚབ་ཆེ་མོ་བ་བྱེད་པར་ཡོང་རྒྱུ་བྱུང་བ་ནི་ང་ཚོའི་གཟི་བསོད་ཅིག་ཡིན། སླད་ཕྱིན་ང་ཚོས་རང་སོ་སོའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་ཐུབ་པའི་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་ཞུས་པ་རེད།