མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དང་ས་གནས་ཀྱིས་ཐབས་མང་མཉམ་དུ་སྤྱད་ནས་གྲོང་གསེབ་ཀྱི་དགེ་རྒན“གཞི་
རིམ་དུ་སྐྱོད་ཐུབ་པ་དང་གནས་ཐུབ་པ”བྱ་རྒྱུར་རྒྱབ་སྐྱོར་བྱེད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་11ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དང་ས་གནས་ཀྱིས་ཐབས་མང་མཉམ་དུ་སྤྱད་ནས་གྲོང་གསེབ་ཀྱི་དགེ་རྒན“གཞི་རིམ་དུ་སྐྱོད་ཐུབ་པ་དང་གནས་ཐུབ་པ”བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞིང་། 2017ལོར་ཀྲུང་དབྱང་ནོར་སྲིད་ནས་མ་རྩ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ས་གནས་ཀྱིས་གྲོང་གསེབ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ་དགེ་རྒན་དཔུང་ཁག་གི་བྱང་ཚད་མཐོ་རུ་བཏང་ཡོད་དེ། གཅིག་ནས་སྒོར་དུང་ཕྱུར་38བཀོད་སྒྲིག་གིས་ས་གནས་ཁག་གིས་གྲོང་གསེབ་ཀྱི་དགེ་རྒན་འཚོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་པར་ཕྱོགས་བསྡུས་ཀྱི་གཟེངས་བསྟོད་དང་ཁ་གསབ་སྤྲད་པ་དང་སྦྲགས། ཀྲུང་དབྱང་གི་གཟེངས་བསྟོད་དང་ཁ་གསབ་མ་དངུལ་དང་ས་གནས་ཀྱི་འབད་བརྩོན་བྱེད་ཚད་གཉིས་དབར་འབྲེལ་བ་བཙུགས་པ་རེད། གཉིས་ནས་སྒོར་དུང་ཕྱུར་71བཀོད་སྒྲིག་བྱས་ནས་དམིགས་བསལ་ལས་གནས་ཐོག་གི་དགེ་རྒན་གདན་ཞུའི་གཞི་ཁྱོན་ཆེ་རུ་དང་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་རེད།
          མིག་སྔར་རྒྱལ་ཡོངས་སུ་ཡུག་སྦྲེལ་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་རྫོང་665ལ་གྲོང་གསེབ་ཀྱི་དགེ་རྒན་འཚོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པར་ཡུག་སྦྲེལ་ཁུལ་རྫོང་གི་སྤྱི་འབོར་གྱི་97%ཟིན་པ་དང་། གྲོང་གསེབ་ཀྱི་དགེ་རྒན་ཁྲི་130ལ་ཕན་ཐོགས་པ། ཡུག་སྦྲེལ་ཁུལ་རྫོང་གི་གྲོང་གསེབ་ཀྱི་དགེ་རྒན་སྤྱི་འབོར་གྱི་96%ཟིན་པ། རྫོང་མང་ཆེ་བའི་ཁ་གསབ་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་2400ལས་བརྒལ་བ་བཅས་རེད།
          2017ལོར་དམིགས་བསལ་ལས་གནས་ཐོག་གི་དགེ་རྒན་ཁྲི་8གདན་ཞུ་བྱེད་རྩིས་ཡོད་པ་དེ་2016ལོ་ལས་མི་ཁྲི་1གིས་མང་བ་ཡོད་པ་དེ་དག་སྔོན་ལ་ཡུག་སྦྲེལ་དམིགས་བསལ་དཀའ་ངལ་ཡོད་པའི་ཁུལ་གྱི་རྫོང་དང་རྒྱལ་ཁབ་རིམ་པའི་དབུལ་པོའི་རྫོང་གི་གྲོང་ཚོའི་སློབ་ཆུང་དང་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་ལ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག 2016ལོའི་ཟླ་7ཚེས་1ཉིན་ནས་བཟུང་། དམིགས་བསལ་ལས་གནས་ཐོག་གི་དགེ་རྒན་གྱི་གླ་ཕོགས་རང་བཞིན་གྱི་ཁ་གསབ་ཚད་གཞི་དབུས་རྒྱུད་དུ་ལོ་རེར་མི་རེར་སྒོར་ཁྲི་2.8དང་ནུབ་རྒྱུད་དུ་སྒོར་ཁྲི་3.1ནས་སྒོར་ཁྲི་3.16དང་སྒོར་ཁྲི་3.46བར་ཁག་སོ་སོར་མཐོ་རུ་བཏང་ཡོད། གསུམ་ནས་སྒོར་དུང་ཕྱུར་3.28བཀོད་སྒྲིག་གིས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་ཐག་རིང་ལུང་ཁུག་གི་དཀའ་ངལ་ཡོད་པའི་ས་ཁུལ་དང་། མཐའ་མཚམས་མི་རིགས་ས་ཁུལ། གསར་བརྗེའི་ཁུལ་རྙིང་པ་བཅས་སུ་སློབ་སྐྱོར་བྱེད་པར་མངགས་གཏོང་བྱ་རྒྱུ་ཡིན་པ་རེད།
          མུ་མཐུད་གྲོང་གསེབ་སློབ་མའི“རིན་མེད་གཉིས་དང་ཁ་གསབ་གཅིག”དང་གྲོང་ཁྱེར་སློབ་མའི་སློབ་ཡོན་ཙག་ཙིག་རྩ་ཆག་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་དུས་མཚུངས། ཀྲུང་དབྱང་ནོར་སྲིད་ནས་ཉེ་ཆར་གཤམ་སྤྲོད་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་ལེན་ལམ་སྲོལ་གྱི་སྔོན་རྩིས་སྒོར་དུང་ཕྱུར་1170དེ་2016ལོ་ལས་6.4%འཕར་ཡོད་པས། ས་གནས་ཁག་གིས་གྲོང་ཁྱེར་གྱི་སློབ་མར་རིན་མི་དགོས་པར་སློབ་དེབ་སྤྲོད་པ་མ་ཟད། སློབ་དེབ་ཁག་གཅིག་བེད་སྤྱོད་ཡང་སྐོར་བསྐྱར་སྐོར་གཏོང་བའི་ལམ་ལུགས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་དང་གྲོང་ཁྱེར་གྱི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཞག་སྡོད་སློབ་མར་འཚོ་བའི་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད།