མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《“ལག་ཁྱེར་མང་པོ་གཅིག་སྒྲིལ”གྱི་སྒྱུར་
བཅོས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་14ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《“ལག་ཁྱེར་མང་པོ་གཅིག་སྒྲིལ”གྱི་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》(གཤམ་དུ་བསྡུས་མིང་ལ་《བསམ་འཆར་》ཞེས་བསྡུ་རྒྱུ)བཀྲམ་ནས་ལག་ཁྱེར་མང་སྒྲིལ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་དང་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ་མིག་སྔར་གནས་པའི་ལག་ཁྱེར་སྣ་ཚོགས་ཀྱི་གྲངས་འབོར་མང་དྲགས་པ་དང་། “ཞུགས་ཆོག་ཀྱང་ཚོང་གཉེར་བྱེད་མི་ཆོག་པ” ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་བྱ་ཐབས་མཐུན་སྦྱོར་བྱེད་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད་།
      《བསམ་འཆར་》ནང་ཆ་འཕྲིན་འཚོལ་བསྡུ་དང་། ཐོ་འགོད་སྤྱི་བསྒྲགས། དཔྱད་གཞིར་འཇོག་པའི་རིགས་ལ་དོ་དམ་བཅས་ཀྱི་ཁེ་ལས་ཀྱི་ལག་ཁྱེར་གཉེར་བའི་དོན་གནད་དང་འབྲེལ་བའི་སྤྱིར་བཏང་གི་གཉེར་སྐྱོང་རྣམ་གྲངས། དེ་བཞིན་ཁེ་ལས་ཀྱི་ཐོ་འགོད་ཆ་འཕྲིན་གྱིས་སྲིད་གཞུང་སྡེ་ཚན་གྱི་དོ་དམ་དགོས་མཁོ་སྐོང་བའི་ལག་ཁྱེར་དོན་གནད་དག་ལས་གཉེར་ལག་ཁྱེར་གཉེར་རྒྱུའི་ཐད་བསྡུ་སྒྲིལ་བྱེད་པ་དང་། “ལག་ཁྱེར་མང་པོ་གཅིག་སྒྲིལ”ལག་བསྟར་བྱས་ནས་ལས་གཉེར་ལག་ཁྱེར་གཉེར་རྗེས་ཁེ་ལས་ཀྱིས་སྔོན་བཀོད་ལྟར་ཐོན་སྐྱེད་གཉེར་སྐྱོང་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཁེ་ལས་ཁྲོམ་རར་ཞུགས་རྒྱུར་སྟབས་བདེ་སྐྲུན་དགོས་ཞེས་གསལ་སྟོན་བྱས་ཡོད།
      《བསམ་འཆར་》ནང་ས་ཁུལ་ཁག་གིས“ལག་ཁྱེར་མང་པོ་གཅིག་སྒྲིལ”ཐོ་འགོད་ལམ་ལུགས་སྒྱུར་བཅོས་ལས་དོན་གྱི་ལམ་སྲོལ་དང་ལག་རྩལ་ཇུས་གཞིའི་རྨང་གཞིའི་ཐོག“དཔྱད་གཞིའི་ཡིག་རིགས་ཆ་ཚང་ཞིག་དང་། ཐོ་འགོད་རེའུ་མིག་གཅིག སྐར་ཁུང་གཅིག་ནས་བདག་སྤྲོད”བཅས་ཀྱི་ལས་ཀའི་བྱ་ཐབས་མུ་མཐུད་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་རེ་ཞུ་མཁན་གྱིས་ཁེ་ལས་ཀྱི་ཐོ་འགོད་བྱེད་སྐབས“རེའུ་མིག་གཅིག”ལས་འབྲི་མི་དགོས་པ་དང་། “སྐར་ཁུང་གཅིག”ལ“དཔྱད་གཞིའི་ཡིག་རིགས་ཆ་ཚང་ཞིག”སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ལས་ཀའི་གོ་རིམ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། ཐོ་འགོད་སྡེ་ཚན་གྱིས་གཅིག་གྱུར་གྱི་སྤྱི་ཚོགས་ཆ་འཕྲིན་ཨང་ཚབ་བཀོད་པའི་ལས་གཉེར་ལག་ཁྱེར་ཐད་ཀར་སྤྲོད་པ་དང་། འབྲེལ་ཡོད་ཆ་འཕྲིན་རྒྱལ་ཁབ་ཀྱི་ཁེ་ལས་ཡིད་རྟོན་ཆ་འཕྲིན་བརྒྱུད་རིམ་ལྡན་པའི་ངང་ཡོངས་བསྒྲགས་བྱེད་དགོས་པ་དང་འབྲེལ་དུས་ཐོག་ཏུ་རྒྱལ་ཡོངས་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་ཐོག་བསྡུ་རུབ་བྱེད་དགོས། ཁེ་ལས་ཀྱིས“ལག་ཁྱེར་མང་པོ་གཅིག་སྒྲིལ”དང་འབྲེལ་བ་ཡོད་པའི་ལག་ཁྱེར་བསྡུ་སྒྲིལ་གྱི་དོན་ཚན་དག་བསྐྱར་དུ་མི་གཉེར་རྒྱུ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཚན་གྱིས་ཆ་འཕྲིན་མཉམ་སྤྱོད་ལ་བརྟེན་ནས་དོ་དམ་གྱི་དགོས་མཁོ་སྐོང་དགོས། “ལག་ཁྱེར་ལྔ་གཅིག་སྒྲིལ”ཐོ་འགོད་བྱེད་སྟངས་གཞིར་བཟུང་གཅིག་གྱུར་གྱི་སྤྱི་ཚོགས་ཆ་འཕྲིན་ཨང་ཚབ་ལས་གཉེར་ལག་ཁྱེར་བླངས་པའི་ཁེ་ལས་ཀྱིས“ལག་ཁྱེར་མང་པོ་གཅིག་སྒྲིལ”ཐོ་འགོད་ཡང་བསྐྱར་གཉེར་རྒྱུའི་རེ་ཞུ་བྱེད་མི་དགོས་པ་དང་། ཐོ་འགོད་ལས་ཁུངས་ཀྱིས་འབྲེལ་ཡོད་ཐོ་འགོད་ཆ་འཕྲིན་དག་ཡིད་རྟོན་ཆ་འཕྲིན་མཉམ་སྡེབ་ལས་སྟེགས་བརྒྱུད་ལག་ཁྱེར་བསྡུ་སྒྲིལ་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་སྡེ་ཚན་ལ་མཁོ་འདོན་བྱེད་དགོས་ཞེས་བཏོན་ཡོད།
      《བསམ་འཆར་》ནང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འདུ་ཤེས་ལ་འགྱུར་ལྡོག་ཏན་ཏིག་བཏང་ནས་གཉེར་སྒྲུབ་གོང་གི་ཞིབ་བཤེར་མཆན་འགོད་སྟབས་བདེ་རུ་གཏོང་བ་དང་། གཉེར་སྒྲུབ་བྱེད་རིང་དང་བྱས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་རར་ལྟ་སྐུལ་དོ་དམ་བྱ་ཐབས་གསར་པ་འཚོལ་ཞིབ་བྱེད་དགོས། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ“སུས་ཞིབ་མཆན་བཀོད་ཚེ་དེས་ལྟ་སྐུལ་དོ་དམ་བྱེད་པ་དང་། གཙོ་སྐྱོང་བྱེད་མཁན་སུ་ཡིན་ཚེ་དེས་ལྟ་སྐུལ་བྱེད་དགོས་པའི”རྩ་དོན་གཞིར་བཟུང་། རང་འགུལ་ངང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་འགན་འཁྲི་སྒྲུབ་པའི་འདུ་ཤེས་ཟབ་ཏུ་ནུས་ལྡན་བཏང་ནས་ལྟ་སྐུལ་གྱི་འགན་འཁྲི་ཁ་གསལ་བཟོ་དགོས། ཡིད་རྟོན་དོ་དམ་སོགས་ཀྱི་བྱ་ཐབས་བརྒྱུད་ཁྲོམ་རའི་ཉོ་ཚོང་ཉེན་ཁ་ཆུང་དུ་གཏོང་བ་དང་ལྟ་སྐུལ་དོ་དམ་གྱི་ལས་ཕྱོད་ཆེ་རུ་བཏང་སྟེ། གཉེར་སྒྲུབ་བྱེད་རིང་དང་བྱས་རྗེས་ཀྱི་ལྟ་སྐུལ་དོ་དམ་ཁྲོམ་རར་ཞུགས་པའི་ཚད་གཞི་ལྷོད་དུ་བཏང་རྗེས་ཁྲོམ་རའི་སྒྲིག་ལམ་འགན་ལེན་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་ནན་བཤད་བྱས་ཡོད།