མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མཚོ་སྔོན་གྱིས་འགོ་ཁྲིད་ལས་བྱེད་པར་སྒྲིག་ལམ་བཟོས་ནས་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་12ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས་《ཞིང་ཆེན་དེ་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་དམིགས་ཚད་ཀྱི་འགན་འཁྲིའི་(ལས་རྗེས)དཔྱད་ཞིབ་བྱས་འབྲས་བེད་སྤྱོད་ཞིབ་སྲོལ་》བཟོས་ནས་བཏོན་པ་དང་། དེའི་དམིགས་ཡུལ་ནི་ཞིང་ཆེན་དེ་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་དམིགས་ཚད་ཀྱི་འགན་འཁྲིའི་(ལས་རྗེས)དཔྱད་ཞིབ་བྱས་འབྲས་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ“འཇོན་ཐང་ཅན་བསྐོ་གཞག་བྱེད་པ་དང་། འཇོན་ཐང་མེད་རིགས་ཀྱི་གོ་གནས་འཐེན་པ། ནུས་མེད་མི་སྤྱོད་པ”བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་དེ་ཡིན་པ་རེད།
           ཞིབ་སྲོལ་དེའི་ནང་དཔྱད་ཞིབ་ཁྲོད་ཕུལ་བྱུང་དཔྱད་འདེམས་བྱས་པའི་འགོ་ཁྲིད་ཚན་ཁག་གམ་ཡང་ན་ལས་རྗེས་ཕུལ་བྱུང་གི་ས་ཁུལ་དང་། སྡེ་ཚན། བཟོ་ལས་གླིང་བཅས་དང་དེ་བཞིན་རྫོང་(གྲོང་ཁྱེར་དང་ཆུས)བཅས་ལ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་གཟེངས་བསྟོད་བྱ་དགའ་སྤྲོད་དགོས། འགོ་ཁྲིད་ལས་བྱེད་པ་ལོ་གསུམ་བསྟུད་མར་ཕུལ་བྱུང་རིམ་པར་དཔྱད་འདེམས་བྱེད་རིགས་ལ་ཞིང་ཆེན་དཔྱད་ཞིབ་འགོ་ཁྲིད་ཚོགས་ཆུང་གིས་ཞིང་ཆེན་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་བརྡ་ཁྱབ་གཟེངས་བསྟོད་བྱེད་དགོས། གཟིགས་སྐྱོང་སྲིད་ཇུས་དང་ལས་གྲྭ་གལ་ཆེན་གྱི་རྣམ་གྲངས་སོགས་གཙོ་གནད་ཐོག་ཉེ་བའི་ལོ་གསུམ་རིང་ལོ་འཁོར་གྱི་དཔྱད་ཞིབ་ཕུལ་བྱུང་རིམ་པ་ཐོབ་མང་བའི་ས་ཁུལ་དང་། སྡེ་ཚན། བཟོ་ལས་གླིང་། རྫོང་(གྲོང་ཁྱེར་དང་ཆུས)བཅས་ལ་ཕྱོགས་དགོས། རིགས་ཁག་གི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་འོས་སྦྱོར་དང་གཏན་འབེབས་བྱེད་སྐབས་ཆ་རྐྱེན་གཅིག་མཚུངས་འོག་ཉེ་བའི་ལོ་གསུམ་རིང་ལོ་འཁོར་གྱི་དཔྱད་ཞིབ་ཕུལ་བྱུང་རིམ་པ་ཐོབ་མང་བའི་ས་ཁུལ་དང་། སྡེ་ཚན། བཟོ་ལས་གླིང་བཅས་དང་དེ་བཞིན་རྫོང་(གྲོང་ཁྱེར་དང་ཆུས)བཅས་ལ་སྔོན་ལ་བསམ་གཞིག་བྱེད་དགོས། ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་བྱེད་སྐབས་ཉེ་བའི་ལོ་གསུམ་རིང་ལོ་འཁོར་གྱི་དཔྱད་ཞིབ་ཕུལ་བྱུང་རིམ་པ་ཅུང་ཐོབ་མང་བའི་འགོ་ཁྲིད་ཚན་ཁག་ཁྲོད་བསམ་གཞིག་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།
           དེ་དང་ཆབས་ཅིག་ཞིབ་སྲོལ་ནང་འགོ་ཁྲིད་ཚན་ཁག་གི་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའམ་ཡང་ན་ལས་ཕྱོད་དཔྱད་ཞིབ་སྤྱིར་བཏང་རིམ་པར་དཔྱད་འདེམས་བྱེད་རིགས་ལ་འགན་འཁུར་བ་གཙོ་བོས་ཡིག་ཐོག་གི་རྣམ་པའི་ཐོག་ནས་ཞིང་ཨུད་ལ་གནས་ཚུལ་གསལ་བཤད་བྱེད་དགོས་པ་དང་སྦྲགས་འབྲེལ་ཡོད་འགན་འཁུར་བར་བསླབ་འདོམས་སྐུལ་ལྕགས་གི་གླེང་མོལ་བྱེད་དགོས། འགོ་ཁྲིད་ཚན་ཁག་གི་ལོ་འཁོར་དམིགས་ཚད་འགན་འཁྲིའམ་ཡང་ན་ལས་རྗེས་དཔྱད་ཞིབ་སྤྱིར་བཏང་དང་དེ་མན་ཆད་ཀྱི་རིམ་པར་དཔྱད་འདེམས་བྱས་པ་དང་། འགོ་ཁྲིད་ལས་བྱེད་པ་གཞི་རྩའི་ཆ་ནས་འགན་ཐེག་པ་དང་དེ་མན་ཆད་ཀྱི་རིམ་པར་དཔྱད་འདེམས་བྱས་་རིགས་ལོ་དེ་དང་ལོ་ཕྱི་མར་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་འོས་སྦྱོར་དང་དཔྱད་འདེམས་བྱ་ཡུལ་ལ་བརྩི་མི་ཆོག འགོ་ཁྲིད་ཚན་ཁག་གི་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའམ་ཡང་ན་ལས་རྗེས་དཔྱད་ཞིབ་ལོ་གཉིས་བསྟུད་མར་སྤྱིར་བཏང་རིམ་པར་དཔྱད་འདེམས་བྱས་རིགས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་དགོས་པ་དང་འབྲེལ་འགོ་ཁྲིད་ཚན་ཁག་གིས་དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་། གཏན་འབེབས་ཀྱི་དུས་བཀག་ནང་དག་ཐེར་བླང་བྱ་དང་མི་མཐུན་པའི་རིགས་ཅུང་ཞན་པའི་རིམ་པར་གཏན་འཁེལ་བྱེད་དགོས། འགོ་ཁྲིད་ཚན་ཁག་གི་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའམ་ཡང་ན་ལས་རྗེས་དཔྱད་ཞིབ་ཅུང་ཞན་པའི་རིམ་པར་དཔྱད་འདེམས་བྱས་རིགས་ལ་རྩ་འཛུགས་ཀྱིས་བདེན་མིན་ཞིབ་དཔྱད་དང་ཁས་ལེན་བྱས་པ་བརྒྱུད་འགན་ཁུར་བ་གཙོ་བོས་ཡིག་ཐོག་ནས་ཞིང་ཨུད་ལ་གནས་ཚུལ་གསལ་བཤད་བྱེད་དགོས། དམིགས་ཚད་འགན་འཁྲིའམ་ཡང་ན་ལས་རྗེས་དཔྱད་ཞིབ་ལོ་གཉིས་བསྟུད་མར་ཅུང་ཞན་པའི་རིམ་པར་དཔྱད་འདེམས་བྱས་རིགས་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འགན་འཁུར་བ་གཙོ་བོ་དང་འགན་འཁུར་བར་ལས་གནས་སྒྱུར་བ་དང་། འགོ་ཁྲིད་མིན་པའི་ལས་གནས་སུ་སྒྱུར་བ། གོ་གནས་འཐེན་པ། གོ་གནས་གཅོག་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ལེགས་སྒྲིག་བྱེད་དགོས་པ་དང་འབྲེལ་ཁྱབ་ཁོངས་ངེས་ཅན་དུ་བརྡ་ཁྱབ་གཏོང་དགོས། འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་དཔྱད་ཞིབ་ནང་གཞི་རྩའི་ཆ་ནས་འགན་ཐེག་པའི་རིམ་པར་དཔྱད་འདེམས་བྱས་རིགས་ཁྱབ་ཁོངས་ངེས་ཅན་དུ་བརྡ་ཁྱབ་གཏོང་དགོས་པ་དང་སྦྲགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དེར་དྲན་སྐུལ་སློབ་གསོ་དང་སྐོང་འདྲི་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་དཔྱད་ཞིབ་ལོ་གཉིས་བསྟུད་མར་གཞི་རྩའི་ཆ་ནས་འགན་ཐེག་པ་དང་དེ་མན་གྱི་རིམ་པར་དཔྱད་འདེམས་བྱས་རིགས་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དེར་འགོ་ཁྲིད་མིན་པའི་ལས་གནས་འཁུར་བ་དང་། གོ་གནས་འཐེན་པ། གོ་གནས་གཅོག་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ལེགས་སྒྲིག་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་དཔྱད་ཞིབ་ནང་གཞི་རྩའི་ཆ་ནས་འགན་མི་ཐེག་པའམ་ཡང་ན་འགན་མི་ཐེག་པའི་འདེམས་ཤོག་གསུམ་ཆ་གཅིག་ལས་བརྒལ་བ་དང་རྩ་འཛུགས་ཀྱིས་ད་ཡོད་ཀྱི་ལས་གནས་འཁུར་མི་ཐུབ་པའི་བདེན་མིན་ཞིབ་དཔྱད་བྱས་རིགས་ལ་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་གོ་གནས་འཐེན་པ་དང་། ལས་གནས་ནས་དགོངས་ཞུའི་བཀའ་གཏོང་བ། གོ་གནས་གཅོག་པ་སོགས་ཀྱི་རྩ་འཛུགས་ཀྱི་ཐག་གཅོད་སོ་སོར་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ད་ཆ་འཁུར་བཞིན་པའི་གོ་གནས་འཐེན་རྗེས་ཟུར་དུ་ལས་ཀ་འོས་འཚམ་བཀོད་སྒྲིག་དང་ཐོབ་ཆ་ཁ་གསལ་བྱེད་དགོས་པ་དང་འབྲེལ་དམིགས་བསལ་རང་བཞིན་ལྡན་པའི་ངང་གསོ་སྦྱོང་སློབ་སྦྱོང་བྱས་ནས་འགན་འཁུར་ཐུབ་པའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་དགོས། ལོ་འཁོར་གྱི་དཔྱད་ཞིབ་ནང་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་《ཏང་གི་སྒྲིག་ཡིག་》དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་བྱ་ཐབས་ཁག་21 འབྲེལ་ཡོད་བཅའ་ཁྲིམས་སོགས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་འགལ་རིགས་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་ཐག་གཅོད་བྱེད་རྒྱུར་རྩིས་སྤྲོད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།