མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་
རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་དུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་21ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་སྒྲོན་ནི་གཙོ་འཛིན་གྱི་དགོངས་པ་མངོན་པ་དང་། ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་པ། མི་རིགས་ཀྱི་འབྱུང་འགྱུར་ལ་སྣེ་ཁྲིད་ཐུབ་པ། རྒྱལ་སྤྱིའི་སྤྱི་ཚོགས་སུ་ཤུགས་རྐྱེན་ལྡན་པ་བཅས་ཀྱི་ཏང་གིས་དུས་རབས་གསར་པར་ཕྱོགས་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་གཟི་འོད་འཕྲོ་བའི་རྩ་གནད་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཀྱང་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་དོན་ནི། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི་བློ་སྟོབས་ཀྱིས་ནད་རྐྱེན་བསལ། ངན་སྐྲན་བཅད། སྡོང་རུལ་བཀོག“སྤྱོད་ཚུལ་བཞིར”ངོ་རྒོལ་བཅས་བྱས་སྟབས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ནུས་ལྡན་ཐེབས་པས་ཡིན་པ་དང་། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ལག་ལེན་གྱི་རྨང་གཞིའི་ཐོག་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལ་སྣང་ཆེན་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་སྤྱད་ནས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་ལས་ཏང་གི་སྲིད་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་བས་ཡིན་པ། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བའི་རེ་སྨོན་འབད་འཐབ་ཀྱི་དམིགས་ཚད་ལ་བརྩིས་ནས་དམངས་སེམས་དྲོ་བ་དང་། དམངས་ཀྱི་འདོད་བློ་སྐོང་བ། དམངས་ཤུགས་གཅིག་སྒྲིལ་བཅས་བྱས་སྟབས། ཏང་གི་སྲིད་སྐྱོང་གི་མང་ཚོགས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པས་ཡིན་པ། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་སྙིང་རུས་བྱས་ཏེ་ལྕགས་གཟེར་རྒྱག་པའི་སྙིང་སྟོབས་ཀྱིས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པར་བརྟེན་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བས་རེད།
         ལོ་ལྔའི་ཉམས་མྱོང་ཕྱོགས་གཅིག་ཏུ་བསྡུས་ན་རྩ་བ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་གི་ཁྲིད་སྟོན་ལ་ཐུག་ཡོད་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁ་ལོ་བསྒྱུར་བར་ཐུག་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ང་ཚོས“འདུ་ཤེས་བཞི”བརྟན་པོ་འཆང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གོམ་སྟབས་ཀྱི་རྗེས་སུ་འབྲང་བ། ཏང་ཀྲུང་དབྱང་གི་བྱ་སྤྱོད་དང་བསྟུན་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ནུས་ཤུགས་ཡོད་རྒུས་འབྱོར་ཕྱུག་ཤེས་དཔལ་ཞི་མཐུན་ཡིད་འོང་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།  མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཧྲེང་གིས།