མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པུ་རུ་ནེའི་རྒྱལ་པོ་ཧ་སང་ནེར་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་15ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་པུ་རུ་ནེའི་རྒྱལ་པོ་ཧ་སང་ནེར་དང་གྲོས་མོལ་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་པུ་རུ་ནེའི་རྒྱལ་པོ་ཧ་སང་ནེར་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་མཉམ་ལས་ལ་ལྷན་དུ་འཆར་འགོད་ཡག་པོ་གནང་ནས་ཀྲུང་པུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་སྐབས་གསར་པའི་ནང་འཕེལ་རྒྱས་དེ་བས་ཆེ་བ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་བདེ་སྐྱིད་ལྡན་པ་བསྐྲུན་རྒྱུའི་མོས་མཐུན་གཅིག་མཐུན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་མཐོ་རིམ་དབར་འགྲོ་འོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། པུ་རུ་ནེ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་དང་ལེན་ཧུར་ཐག་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། པུ་རུ་ནེ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་འཛུགས་སྐྲུན་བྱེད་རྒྱུ་གོ་སྐབས་སུ་བཟུང་སྟེ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་གཞིགས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ དབྱི་སི་ལམ་གྱི་བཟའ་བཅའ། ཞིང་ལས་དང་ཉ་ལས། གྲངས་གཞིའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་པོས་འགོག་སྲུང་ལས་དོན་དང་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དམག་གཉིས་དབར་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱེད་རྒྱུ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས། རིག་གནས་དང་། སློབ་གསོ། ལུས་རྩལ། འཕྲོད་བསྟེན། ཡུལ་སྐོར། སྨྱན་སྦྱོར། ས་གནས་དབར་འགྲོ་འོང་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་ས་གནས་དང་རྒྱལ་སྤྱིའི་ལས་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་རྒྱལ་ཁབ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་རེད།
          གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མཚན་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་རེད།