མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཐེ་མེར་གཉིས་ཀྱིས་ཀྲུང་པར་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་
འབྲེལ་ བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་སྤེལ་གཏོང་རྒྱུའི་
མོས་མཐུན་མགྲིན་གཅིག་ཏུ་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་03ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་དང་ཐེ་མེར་གཉིས་ཀྱིས་ཀྲུང་པར་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་
འབྲེལ་ བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་སྤེལ་གཏོང་རྒྱུའི་
མོས་མཐུན་མགྲིན་གཅིག་ཏུ་གནང་བ།

            མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་1ཉིན་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་དང་སྦྲགས། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞ་མོན་གྱི་ཐུག་འཕྲད་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་སྐད་ཆ་ཤོད་རེས་ནང་ཞུགས་པར་ཕེབས་པའི་པར་ཙིར་གྱི་ཙུང་ཐུང་ཐེ་མེར་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་པར་དབར་གྱི་སྲོལ་རྒྱུན་མཛའ་མཐུན་ཟབ་ཏུ་བཏང་ནས་ཀྲུང་པར་རྒྱལ་ཁབ་གཉིས་པོའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་སྤེལ་གཏོང་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
           ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོ་ཁག་སོ་སོར་ས་གོ་ལའི་ཕྱེད་ཤར་ནུབ་ཀྱི་འཕེལ་རྒྱས་ཧ་ཅང་ཆེན་པོ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་གང་ཞིག་གཉིས་ཀ་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཡང་ཡིན་པ་རེད། ཀྲུང་པར་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་ནི་ཆ་རྐྱེན་འཛོམས་ལ་སྲ་ཞིང་བརྟན་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་རེད། འདས་ཟིན་པའི་ལོ་གཅིག་རིང་། ཀྲུང་པར་རྒྱལ་ཁབ་གཉིས་དབར་གྱི་མཉམ་ལས་བརྟན་ཁྲོད་ཡར་བརྩོན་བྱུང་ནས་ཉོ་ཚོང་དང་། མ་འཇོག དངུལ་རྩ་བཅས་གསུམ་མཉམ་དུ་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལམ་སྲོལ་གྱི་འཁོར་རྒྱུག་བདེ་བླག་ཡོད་པ་མ་ཟད། ཕྱོགས་གཉིས་པོས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་དང་དེ་བཞིན་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གླེང་མང་བའི་གནད་དོན་གལ་ཆེན་ཐད་ཕན་འབྲས་ལྡན་པའི་སྤེལ་རེས་དང་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་སྤྱི་ཡོངས་ཀྱི་ཟུར་ཕྱོགས་ནས་པར་ཙིར་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་གི་ཡོད་ལ། པར་ཙིར་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་པར་བསྔགས་བརྗོད་ཀྱང་བྱེད་ཀྱི་ཡོད་པ་མ་ཟད། པར་ཙིར་ཕྱོགས་དང་མུ་མཐུད་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་འཁུར་བྱེད་དགོས་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་པར་ཙིར་གྱི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁྱབ་ཁོངས་ཁག་དབར་གྱི་སྤེལ་རེས་མཉམ་ལས་ཐད་སྤྱི་འདོམས་སྐུལ་འདེད་བཏང་ཐོག “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་པར་ཙིར་གྱི“མ་འཇོག་རོགས་ཟླའི་འཆར་གཞི”དང“མདུན་སྐྱོད་འཆར་གཞི”སྦྲེལ་མཐུད་བྱ་རྒྱུར་གྲོས་ཞིབ་ཧུར་ཐག་བྱས་ཏེ་ས་ཁུལ་གྱི་ཕན་ཚུན་སྦྲེལ་མཐུད་དང་མཉམ་སྒུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་ཉོ་ཚོང་ཤར་བགྲོད་ལ་སྐུལ་འདེད་དང་ཕྱོགས་གཉིས་པོའི་ཉོ་ཚོང་རྒྱུན་མཐུན་ནས་འཕར་རྒྱུ་བརྟན་པོ་ཡོང་བར་སྐུལ་སྤེལ་གཏོང་དགོས། ཀྲུང་པར་རྒྱལ་ཁབ་གཉིས་དབར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། བཟོ་སྐྲུན་ལས་རིགས། ཞིང་ལས། གཏེར་ལས། ནུས་རྒྱུ། ཐོན་ནུས། ཚན་རྩལ་གསར་གཏོད་བཅས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། རིག་གནས་དང་། གསར་འགྱུར། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་རྒྱ་སྐྱེད་གཏོང་དགོས། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པ། རྨང་གཞིའི་རྒྱལ་ཁབ་བཞི། འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་སོགས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་མཐུན་སྦྱོར་མཉམ་ལས་བྱེད་དགོས།
          ཞི་ཅིན་ཕིང་གིས་བསྟན་དོན། ལོ་10ཡི་རིང་། འབོ་གསེར་རྒྱལ་ཁབ་ཀྱིས་འདྲ་མཉམ་གཉིས་ཕན་དང་མཉམ་ལས་གཉིས་ཁེའི་ལམ་བུ་གསར་པ་ཞིག་བཏོད་པར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཁག་གཅིག་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་མཉམ་ལས་དང་། ཆབ་སྲིད་བདེ་འཇགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བཅས“འཁོར་ལོ་གསུམ”མཉམ་དུ་བསྐོར་རྒྱུར་སྐུལ་སྤེལ་བཏང་སྟེ་འབོ་གསེར་མཉམ་ལས་ཀྱི“གསེར་མདོག་ལྡན་པའི་ལོ་བཅུ”ཐེངས་གཉིས་པ་གཏོད་འདོད་ཡོད།
            ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་གི་མཉམ་འབྲེལ་རང་སྟོབས་དང་འཕེལ་རྒྱས་དར་སྤེལ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ལག་གདང་སྦྲེལ་ཏེ་འཕེལ་རྒྱས་གཏོང་བའི་ཀྲུང་ལ་ཕྱོགས་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་རྩེ་གཅིག་ཏུ་གཞོལ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཕྱོགས་ཐུན་མོང་ཁྲོམ་རའི་དབར་གྱི་མཉམ་ལས་ཐད་དགེ་མཚན་ལྡན་ལ་སྒོ་དབྱེའི་རྣམ་འགྱུར་འཛིན་གྱི་ཡོད་ལ། ཀྲུང་གོ་དང་ལྷོ་ཕྱོགས་ཐུན་མོང་ཁྲོམ་རའི་དབར་གྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་འདོད་ཡོད།
           ཐེ་མེར་གྱིས་པར་ཀྲུང་དབར་གྱི་མཛའ་མཐུན་ཟབ་མོ་དང་པར་ཙིར་གྱིས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་པས་རླབས་ཆེན་ཀྲུང་གོའི་བློས་འགེལ་ཆོག་པའི་རོགས་ཟླ་ཡིན། པར་ཙིར་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ཀྲུང་གོ་ཕྱོགས་དང་ཉོ་ཚོང་དང་། མ་འཇོག དངུལ་རྩ། ཞིང་ལས་སོགས་ཕྱོགས་ཐམས་ཅད་གཉིས་ཕན་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་། ཡུལ་སྐོར། ལུས་རྩལ་སྤེལ་རེས་བཅས་རྒྱ་ཆེར་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ལ་ཤུགས་སྣོན་རྒྱག་འདོད་ཡོད། པར་ཀྲུང་ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པ། འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་ལངས་ཕྱོགས་ཉེ་པོས་གནམ་གཤིས་འགྱུར་ལྡོག་དང་འཕེལ་རྒྱས་སོགས་ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་སྤེལ་རེས་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། པར་ཙིར་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞ་མོན་གྱི་ཐུག་འཕྲད་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་འབོ་གསེར་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་སྤེལ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
            གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་ཐོན་ནུས་དང་། དྲ་ཐོག་ཚོང་དོན། སྤུས་བཤེར། གློག་ཤུགས། ཡུལ་སྐོར། འཕྲོད་བསྟེན། མ་རྩ་བསྡུ་སྒྲིལ། རིག་གནས་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་10ལྷག་གི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པའི་དཔང་པོ་གནང་བ་རེད།
           གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཐེ་མེར་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཞིང་། ཝང་ཧུའུ་ཉིང་དང་། ལི་ཀྲན་ཧྲུའུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཀྲེན་དང་། དབྱང་ཅེ་ཁྲེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་སོགས་ཞུགས་ཡོད་པ་རེད།