མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་དགུ་པ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་06ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་དགུ་པ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་ཐེངས་དགུ་པ་ཞ་མོན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་སུ་གནང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་འཛོམས་གཙོ་སྐྱོང་གནང་བ། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་དང་། པར་ཙིར་གྱི་ཙུང་ཐུང་ཐེ་མེར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི་བཅས་ཚོགས་འདུར་ཕེབས་པ། རྒྱལ་ཁབ་ལྔ་པོའི་འགོ་ཁྲིད་མི་སྣས“འབོ་གསེར་གྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་སྟེ་འོད་སྟོང་འཕྲོ་བའི་མ་འོངས་ལམ་བུ་སྔར་བས་གཏོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་དེང་སྐབས་ཀྱི་རྒྱལ་སྤྱིའི་དུས་བབ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་། འབོ་གསེར་མཉམ་ལས། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་སོགས་ཀྱི་ཐད་དགོངས་ཚུལ་བརྗེ་རེས་གཏིང་ཟབ་གནང་བ་དང་། འབོ་གསེར་མཉམ་ལས་ཀྱི་ལོ་བཅུའི་ལོ་རྒྱུས་ལམ་བུ་ཕྱིར་དྲན་གནང་བ། སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཁེའི་འབོ་གསེར་གྱི་སྙིང་སྟོབས་བསྐྱར་བསྒྲགས་གནང་བ། ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་བྱུང་བ་མ་ཟད། ད་དུང་འབོ་གསེར་མཉམ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཆེད་འཆར་གཞི་བཀོད་པ་དང་ཁ་ཕྱོགས་གསལ་སྟོན་ཡང་གནང་ཡོད་པ་རེད།
          གཞི་རྒྱ་ཆེ་བའི་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་འགོ་བརྗོད་དུ་《འབོ་གསེར་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་སྟེ་འོད་སྟོང་འཕྲོ་བའི་མ་འོངས་ལམ་བུ་སྔར་བས་གཏོད་》ཅེས་པའི་གསུང་བཤད་གལ་ཆེན་གནང་སྟེ་འབོ་གསེར་མཉམ་ལས་ཀྱི་ལོ་བཅུའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་གདེང་འཇོག་ཆེན་པོ་གནང་བ་དང་། འབོ་གསེར་མཉམ་ལས་ཀྱི“གསེར་མདོག་ཅན་གྱི་ལོ་བཅུ”ཨང་གཉིས་པ་འགོ་བཙུགས་ནས་འབོ་གསེར་མཉམ་ལས་ཀྱིས་རྒྱལ་ཁབ་ལྔ་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ལ་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་ཡང་འདོགས་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་འབོ་གསེར་མཉམ་ལས་འཕེལ་རྒྱས་མྱུར་པོ་དེ་འདྲ་འགྲོ་དོན་ནི་ཕན་ཚུན་བརྩི་འཇོག་དང་རོགས་རེས་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་ཁབ་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ལམ་དུ་བསྐྱོད་པ་དང་། སྒོ་འབྱེད་ཁོང་ཡངས་དང་མཉམ་ལས་གཉིས་ཁེའི་སྙིང་སྟོབས་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་དཔལ་འབྱོར་དང་། ཆབ་སྲིད། མི་ཆོས་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་བ། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དར་སྤེལ་བཏང་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཕྱར་བ་གྲུ་འདེགས་བྱས་ཏེ་ཐུན་མོང་ཐོག་ཕྱི་རོལ་གྱི་ཁོར་ཡུག་ཡག་པོ་བཏོད་པས་རེད་ཅེས་གསུངས།
          ཞི་ཅིན་ཕིང་གིས་འཛམ་གླིང་གི་གནས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བའི་གནས་ཚུལ་འོག་འབོ་གསེར་མཉམ་ལས་སྔར་བས་གལ་འགངས་ཆེན་པོ་ཞིག་ཏུ་གྱུར་ཡོད། ང་ཚོས་ཡང་འབད་བསྐྱར་འབད་ཀྱིས་འབོ་གསེར་གྱི་རོགས་ཟླའི་འབྲེལ་བ་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་སྟེ་འབོ་གསེར་མཉམ་ལས་ཀྱི“གསེར་མདོག་ཅན་གྱི་ལོ་བཅུ”གཉིས་པའི་ལས་འགོ་གསར་དུ་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད།
         གཅིག་ནས་དཔལ་འབྱོར་དངོས་སྒྲུབ་མཉམ་ལས་ལ་མཐའ་གཅིག་ཏུ་གཞོལ་དགོས། ང་ཚོས་ཚོང་དོན་མ་འཇོག་དང་། དངུལ་ལོར་དངུལ་རྩ། ཕན་ཚུན་སྦྲེལ་མཐུད། རྒྱུན་མཐུད་འཕེལ་རྒྱས། གསར་གཏོད་དང་ཐོན་ལས་མཉམ་ལས་སོགས་ཁྱབ་ཁོངས་སུ་ཁེ་ཕན་གཅིག་ཏུ་འདུ་ས་རྒྱ་སྐྱེད་བཏང་ནས་བཟོ་ལས་གསར་བརྗེ་གསར་པ་ལས་བྱུང་བའི་ལོ་རྒྱུས་ཀྱི་གོ་སྐབས་ལ་ཐུན་མོང་ཐོག་དམ་འཛིན་དང་། དངོས་སྒྲུབ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་དང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག འབྲེལ་གཏུག་གི་འབྲེལ་ཐག་དམ་དུ་གཏོང་བ་བཅས་བྱས་ཏེ་འབོ་གསེར་མཉམ་ལས་ཀྱི་ལམ་སྲོལ་བརྟན་ལ་ཡུན་རིང་ལག་ལེན་བསྟར་ཐུབ་པ་བྱེད་དགོས།
          གཉིས་ནས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པར་གཞོལ་དགོས། ང་ཚོས་རང་ཉིད་ཀྱི་ཐོན་ཁུངས་དང་། ཁྲོམ་ར། ངལ་རྩོལ་ནུས་ཤུགས་སོགས་ཀྱི་སྡུར་བའི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཉམ་དུ་གྲོས་མོལ་དང་། མཉམ་དུ་འཛུགས་སྐྲུན། མཉམ་དུ་ལོངས་སྤྱོད་བཅས་ཀྱི་རྩ་དོན་ལ་གཞིགས་ནས། འཕེལ་རྒྱས་སྲིད་ཇུས་དང་དམིགས་བཀར་ཁྱབ་ཁོངས་ཀྱི་འཇུག་གཞི་འཚོལ་བ་དང་། ཉོ་ཚོང་མ་འཇོག་གི་ཁྲོམ་ར་ཆེན་པོ་དང་། དངུལ་ལོར་དངུལ་རྩའི་འཁོར་རྒྱུག་ཆེན་པོ། རྨང་གཞིའི་སྒྲིག་བཀོད་ཀྱི་སྦྲེལ་མཐུད་ཆེན་པོ་བཅས་ཀྱི་དམིགས་ཚད་ཕྱོགས་སུ་མུ་མཐུད་སྐྱོད་པ། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་གོ་སྐབས་སུ་བྱེད་པ། དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་ཀྱི་ཕན་ནུས་མཐུན་སྦྱོར་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་མཉམ་འགུལ་ཁོང་ཡངས་ངང་འཕེལ་རྒྱས་འགྲོ་བ་བྱེད་དགོས།

【1】  【2】