མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལི་ལི་ཤན་ལུང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལི་ལི་ཤན་ལུང་དང་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སིང་ཀ་ཕོར་གྱི་ཙུང་ལི་ལི་ཤན་ལུང་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་མཐོ་རིམ་མི་སྣའི་དབར་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་སིང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་གྲས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ལ་ཀྲུང་སིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དམ་ཟབ་ཡོད་པའི་མཚོན་ཚུལ་ཞིག་ཀྱང་ཡིན། སྐུ་ཞབས་ཙུང་ལི་ད་ཐེངས་འཚམས་འདྲིར་ཕེབས་པ་དེས་ཀྲུང་སིང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རྒྱས་དེ་བས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
        ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་སིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཡོད་ལ་ས་ཁུལ་དང་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་རྒྱུར་ཡང་ཕན་པ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། དཔལ་འབྱོར་གོ་ལ་ཅན་དང་། ཉོ་ཚོང་རང་མོས་ཅན། མ་འཇོག་སྟབས་བདེ་ཅན་བཅས་ཀྱི་ཐད་ཀྲུང་སིང་རྒྱལ་ཁབ་གཉིས་པོར་ལངས་ཕྱོགས་འདྲ་མཚུངས་ཡོད་ལ་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་ལྡན་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་སིང་ཕྱོགས་གཉིས་པོའི་མཉམ་ལས་མཉམ་འབྲེལ་ཨུ་ལྷན་སོགས་ཀྱི་ལམ་སྲོལ་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་གསར་འབྱེད་གསར་གཏོད་རྒྱུན་ཆད་མེད་པར་བྱེད་པ་དང་། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་ཕྱོགས་མང་མཉམ་ལས་ཟབ་ཏུ་གཏོང་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དམངས་སེམས་གཅིག་མཐུན་གྱི་བྱ་བ་མང་ཙམ་བསྒྲུབས་ཏེ་ཀྲུང་སིང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྲོལ་རྒྱུན་དེ་བས་རྒྱུན་འཛིན་དང་དར་སྤེལ་ཐུབ་པ་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་རྒྱུ་ནི་དེང་སྐབས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གཙོ་གནད་ཅིག་ཡིན་པས་ཕྱོགས་གཉིས་པོས་ཀྲུང་སིང(ཁྲུང་ཆིང)རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་མཉམ་མཐུད་ཀྱི་དཔེ་སྟོན་རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་འབྲེལ་ས་ཁུལ་གྱི་རིམ་པར་རྒྱལ་ཁབ་གཞན་དག་ཐུན་མོང་ཐོག་རྒྱལ་སྤྱིའི་སྐམ་མཚོའི་ཉོ་ཚོང་བགྲོད་ལམ་གསར་པ་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
        ལི་ཤན་ལུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སིང་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གདེང་འཇོག་གནང་བར་ང་རང་རྦད་དེ་མོས་མཐུན་ཡོད། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་ཐའེ་དབན“རང་བཙན”ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་བརྟན་ལྷིང་དང་དར་རྒྱས་ནས་རྒྱལ་སྤྱིའི་བྱ་བའི་ནང་ནུས་པ་དེ་བས་ཆེ་བ་ཐོན་ལུགས་མཐོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། མིག་སྔར་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པས་སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་དང་། མཉམ་འབྲེལ་མཉམ་མཐུད། མི་ཤུགས་ཐོན་ཁུངས་སོགས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་བྱས་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད། སིང་ཀ་ཕོར་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་ས་ཁུལ་དེ་ག་དང་འཛམ་གླིང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་རྒྱུ་ཡིན། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ད་དུང་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་གཟིགས་ཚུལ་བརྗེ་རེས་གནང་བ་རེད།