མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝང་ཆི་ཧྲན་ཧུའུ་ནན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་20ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཝང་ཆི་ཧྲན་ཧུའུ་ནན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ།

           མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན། བློ་མཐུན་ཝང་ཆི་ཧྲན་ཁོང་གནས་སའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཧུའུ་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པར་སླེབས་པའི་ཆབ་སྲིད་ཀྱི་བརྡར་ཤ་གལ་ཆེན་བཅད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་བརྗིད་ཆེའི་འཆར་གཞི་བཀོད་པ་དེ་ཐོག་ནས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་མངོན་ཡོད་པ་དེ་ནི་ཏང་གིས་མི་དམངས་ལ་ཁས་ལེན་ནན་པོ་བྱས་པ་མ་ཟད་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེན་གྱི་རྒྱལ་ཁ་ཐོབ་རྒྱུར་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཀྱང་ཡིན་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཆེན་པོ་འགྲོ་ངེས་རེད། འཐུས་མི་ཞིག་ཡིན་པའི་ངོས་ནས་ངས་སྙན་སྒྲོན་དེར་ཡོངས་སུ་མོས་མཐུན་ཡོད་ལ་བརྩི་བཀུར་མཐའ་གཅིག་ཏུའང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཝང་ཆི་ཧྲན་གྱིས་ལེ་དབར་སྟོང་ལ་བསྐྱོད་པར་གོམ་པ་དང་པོ་སྤོ་དགོས་པ་དང་། དཀའ་ངལ་ཁྱད་དུ་བསད་ནུས་ན་འབྲས་བུ་བཟང་པོ་ཐོབ་ངེས་ཡིན། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་མིན་ལ་བརྗིད་ཆགས་ཉམས་དང་ལྡན་པའི་ལོ་ལྔ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་ཡར་བརྩོན་ངང་རྒྱལ་སྤྱི་རྒྱལ་ནང་གི་ཉེན་ཁ་དང་འགྲན་སློང་མང་པོར་ཁ་གཏད་ནུས་ལྡན་བཅག་སྟེ་དུས་ཡུན་རིང་པོ་ཐག་གཅོད་བྱེད་དགོས་བསམ་ཡང་ཐག་གཅོད་མ་བྱུང་བའི་དཀའ་གནད་མང་པོ་ཐག་གཅོད་བྱུང་བ་དང་། དེ་སྔ་སྒྲུབ་བསམ་ཡང་སྒྲུབ་ཐུབ་མེད་པའི་དོན་ཆེན་མང་པོ་བསྒྲུབས་ཡོད་པས་ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཏོད་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་བྱེད་དགོས་ཞེས་གསུངས་པ་ཙམ་མ་ཟད་དེ་བས་དེ་འདྲ་གནང་གི་ཡོད། ཁྱབ་ཁོངས་གང་དང་ཕྱོགས་གང་ཞིག་གི་ལས་དོན་ཐད་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དམ་འཛིན་མ་བྱས་པ་གཅིག་ཀྱང་མེད། འགན་འཁྲི་ཆེན་པོ་འཁུར་ཕོད་པའི་ཐོག་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ཀྱི་དབང་གྲགས་ཆེ་རུ་གཏོང་བ་དང་ཏང་གི་འགོ་ཁྲིད་ཀྱི་ཞན་ཆ་དང་། ཏང་འཛུགས་སྐྱོང་ཐད་ཀྱི་མི་འདང་བ། ཏང་ནན་པོས་སྐྱོང་ཤུགས་མི་འདང་བ་བཅས་ཀྱི་སྣང་ཚུལ་ལ་གཞི་རྩའི་ཆར་འགྱུར་ལྡོག་བཏང་བས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ཆེན་པོ་ལྡན་པའི་ཁྱད་ཆོས་ངོ་མ་མངོན་ནས་ཏང་དང་རྒྱལ་ཁབ་ཀྱི་མདུན་སྐྱོད་ཁ་ཕྱོགས་ཡང་དག་གསལ་སྟོན་བྱུང་ཡོད། ལོ་རྒྱུས་དང་དོན་དངོས་ཚང་མའི་ཐོག་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བརྟན་པོ་བྱས་ཚེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འགོག་ཐབས་བྲལ་བ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད།
          ཝང་ཆི་ཧྲན་གྱིས་རང་རེའི་ཏང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་ཐུབ་དོན་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་ཕན་ཚུན་མཉམ་འདྲེས་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཕན་ཚུན་ཟུང་འབྲེལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པར་ཐུག་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་དེ་ཡིན་པས་ཀྲུང་གོའི་མ་འོངས་ཀྱི་མདུན་སྐྱོད་ཁ་ཕྱོགས་གསལ་བསྒྲགས་བྱས་ཡོད། རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན་བྱེད་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་དུས་བསྟུན་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཀུན་སྤྱོད་དར་སྤེལ་བཏང་ནས་རིགས་པའི་གཞུང་ལུགས་གསར་པར་བརྟེན་ནས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་དང་གོ་བ་བླངས་ནས་རང་ཉིད་དེར་ཞུགས་པ་དང་། བསམ་བློ་དང་ལས་ཀའི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱེད་པ་། ཆབ་སྲིད་དང་སྤྱི་ཡོངས་ཀྱི་ཐད་ནས་སྲོག་ཤིང་ལ་མིག་ལྟོས་བྱེད་པ། སློབ་སྦྱོང་དང་། བསམ་གཞིག ལག་ལེན། གོ་བ་ལེན་པ་བཅས་བྱེད་རིང་མཐའ་བསལ་མཐིལ་རྟོགས་ཡོང་བར་བྱེད་པ། ཚོད་བགམ་དང་སྦྱོང་བརྡར་ཁྲོད་གོ་རྟོགས་མཐོ་རུ་གཏོང་བ། ནང་སེམས་ལ་ཟུག་པ་དང་ཕྱི་བྱ་སྤྱོད་ལ་འཁྱོལ་བར་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་བཅས་ཀྱིས་ཏང་གིས་མི་དམངས་ལ་ཁས་ལེན་བྱས་པ་དག་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
          ཝང་ཆི་ཧྲན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་རླབས་ཆེན་གྱི་རང་ངོས་གསར་བརྗེ་ཞིག་ཡིན་པས། ཏང་གིས་དུས་རབས་གསར་པའི་ལོ་རྒྱུས་ཀྱི་འགན་འཁྲི་སྒྲུབ་པར་ངེས་པར་དུ་གཡོ་འགུལ་སྤུ་ཙམ་མེད་པའི་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་མེད་པའི་ངང་ཏང་འཛུགས་སྐྱོང་གི་རླབས་ཆེན་གྱི་འདུ་འགོད་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།