མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་02ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་གྲོས་མོལ་གནང་བ།

             མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་དང་ཆབས་ཅིག་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་སྐད་ཆ་ཤོད་རེས་ནང་ཞུགས་པར་ཕེབས་པའི་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གཏན་འཁེལ་གནང་སྟེ་ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
           ཞི་ཅིན་ཕིང་གིས་ཀྲུང་ཐ་རྒྱལ་ཁབ་གཉིས་པོ་ནི་མཛའ་མཐུན་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་དང་ཚད་མཐོའི་ཡིད་ཆེས་ཡོད་པའི་འཐབ་ཇུས་ཀྱི་རོགས་ཟླ་ཡིན། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་25སོང་རིང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ་ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་པོས་2013ལོར་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ཚུན། རིམ་པ་མཐོ་པོའི་དབར་སྤེལ་རེས་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས། དངོས་སྒྲུབ་མཉམ་ལས་བཅས་བྱས་ཏེ་སྔར་བྱུང་མྱོང་མེད་པའི་ཆུ་ཚད་མཐོ་པོར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་གོ་སྐབས་སུ་བརྩིས་ནས་ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་གྱིས་དེ་སྔོན་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་ཧུར་ཐག་གནང་བར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྱོང་དང་ཐ་ཇིག་སི་ཐན་གྱི་2030ལོའི་གོང་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་སྦྲེལ་མཐུད་ཟབ་མོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་མཉམ་ལས་འཆར་འགོད་ཀྱི་རྩ་གནད་དོན་འཁྱོལ་བྱེད་པ། འགྲིམ་འགྲུལ་དང་། ནུས་རྒྱུ། འགག་སྒོ། དྲ་རྒྱ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཁྱོན་ཡོངས་ལ་ཁྱབ་པའི་མཉམ་འབྲེལ་མཉམ་མཐུད་ཀྱི་རྣམ་པ་གཏོད་དགོས། ཕྱོགས་གཉིས་པོས་མཉམ་ལས་ཟབ་ཏུ་གཏོང་བའི་གོ་སྐབས་གསར་པ་གཏོད་པ་དང་། ཞིང་ལས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ཐོན་ནུས་མཉམ་ལས་གཏིང་ཟབ་བྱེད་པ། ཚན་རྩལ་གསར་གཏོད་དང་སྤེལ་རེས་ལ་རྒྱབ་སྐྱོར་བཅས་བྱེད་དགོས། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་ཐད་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་དངུལ་རྩའི་སྒྲིག་གཞི་དང་། དར་གོས་ལམ་བུའི་ཐེབས་རྩ། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་བཅས་དབར་མཉམ་ལས་ཀྱི་འབྲེལ་བ་འཛུགས་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ་ཚོང་དོན་དང་མ་འཇོག་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་འདོད་ཀྱང་ཡོད། ཀྲུང་ཐ་རྒྱལ་ཁབ་གཉིས་པོ་ནི་དར་གོས་ལམ་བུའི་ཐོག་གི་ཤེས་རིག་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པས་རིག་གནས་དང་། སློབ་གསོ། གཞོན་ནུ་སོགས་ཁྱབ་ཁོངས་ཐད་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་མཐུན་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
           ལཱ་ཧོ་མོང་གིས་ཀྲུང་གོ་ནི་ཐ་ཇིག་སི་ཐན་གྱི་ཁྱིམ་མཚེས་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་གྲོགས་ཡག་པོ་བཅས་ཡིན། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་25སོང་རིང་ཐ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་མྱུར་པོ་བྱུང་ནས་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི་ཐད་འབྲེལ་བ་ཟབ་མོ་བཙུགས་ཡོད། རྒྱལ་ཁབ་གཉིས་པོས་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་འཛིན་ནས་ཕན་འབྲས་ཐོན་པའི་དཔལ་འབྱོར་ཚོང་དོན་དང་མ་འཇོག་གི་མཉམ་ལས་བྱས་ཡོད་ཅེས་གསུངས་པ་རེད།
          གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་མཉམ་འབྲེལ་གསལ་བསྒྲགས་》ལ་མཉམ་དུ་མཚན་བཀོད་པ་དང་འབྲེལ་ཁྱབ་བསྒྲགས་ཀྱང་གནང་བ་མ་ཟད། 《ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་མཉམ་ལས་འཆར་འགོད་རྩ་གནད་》དང་དེ་བཞིན་ཚན་རྩལ་དང་། ཞིང་ལས། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད། མི་ཤུགས་ཐོན་ཁུངས། ས་གནས། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཐད་ཀྱི་མཉམ་ལས་ཡིག་ཆ་10ལྷག་ཙམ་ལ་མིང་རྟགས་འགོད་པའི་བརྒྱུད་རིམ་ར་སྤྲོད་གནང་བ་རེད།