མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིས་གྲོས་བསྡུར་འཁྲུག་པོ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་23ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        —— མི་དང་རང་བྱུང་ཁམས་འཆམ་མཐུན་གྱིས་མཉམ་དུ་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན། ཟླ་10ཚེས་21ཉིན། “ང་ཚོས་བསྐྲུན་དགོས་པའི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་པས། ང་ཚོས་དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་དེ་བས་མང་བ་བཏོད་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་དགོས་ལ་སྤུས་ལེགས་སྣོད་བཅུད་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོའང་སྐོང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་བཀོད་སྒྲིག་གནང་བར་འཐུས་མི་ཚོ་སེམས་འགུལ་ཚད་མེད་ཐེབས་ནས་གྲོས་བསྡུར་འཁྲུག་པོ་གནང་ཞིང་། ཡུན་ནན་ཞིང་ཆེན་པའོ་ཧྲན་གྲོང་ཨུད་ཀྱི་ཧྲུའུ་ཅི་འཐུས་མི་ཀྲའོ་ཏེ་ཀོང་གིས“ལོ་ལྔའི་རིང་པའོ་ཧྲན་གྲོང་ཁྱེར་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དོན་འཁྱོལ་གྱིས་མི་ཐབས་ལ་བརྟེན་ནས་ནགས་ཚལ་མུའུ་ཁྲི་7.8བཏབ་པ་དང་ནགས་ཚལ་མུའུ་ཁྲི་17བདག་སྐྱོང་བྱས་ཡོད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མི་རིང་བར་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་གསུངས།
         འཛམ་གླིང་ཐོག་རྒྱ་ཁྱོན་ཆེ་ཤོས་ཡིན་པའི་མི་ཐབས་ལ་བརྟེན་ནས་བཏབ་པའི་ནགས་ཚལ་ཏེ། ཧོ་པེ་སའེ་ཧན་པ་ནགས་ཚལ་ནི་དེ་སྔ་བྱེ་སེར་གྱིས་ཁེངས་པའི་ཐང་སྟོང་ཞིག་རེད། སའེ་ཧན་པ་བ་མི་རབས་གསུམ་གྱིས་ལོ་55རྒྱུན་མཐུད་ངང་འབད་བརྩོན་བྱས་པ་ལས་སྔོ་ལྗང་ཅན་དུ་གྱུར་ཐུབ་ཡོད། མིག་སྔར་སའེ་ཧན་པ་ཡི་རྩིས་གཞིའི་རྒྱ་ཁྱོན་གྱི་ནགས་ཚལ་གསོག་ཚད་རྒྱལ་ཡོངས་ཀྱི་མི་ཐབས་ལ་བརྟེན་ནས་བཏབ་པའི་ནགས་ཚལ་གྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་2.8ཡིན་པ་རེད། ཧོ་པེ་ལང་ཧྥང་གྲོང་ཨུད་ཀྱི་ཧྲུའུ་ཅི་འཐུས་མི་ཕུང་ཧྲའོ་ཧུའེ་ཡིས“སའེ་ཧན་པ་བས‘ཐང་སྟོང་ནགས་ཚལ་ལ་བསྒྱུར་བ་དང་བྱེ་ཐང་སྔོ་ལྗང་ཅན་དུ་བསྒྱུར་བའི’མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་པས་རང་བྱུང་ཁམས་དབེན་འཇམ་དང་། འཆམ་མཐུན། མཛེས་སྡུག་བཅས་ལྡན་པར་འགྱུར་ཡོད། ‘རི་ཁའི་ལྟོ་རྟེན་རི་དང་ཆུ་ཁའི་ལྟོ་རྟེན་ཆུ་ཡིན་པ’ནས‘རི་ལ་བརྟེན་ནས་རི་སྐྱོང་བ་དང་ཆུ་ལ་བརྟེན་ནས་ཆུ་སྐྱོང་བའི’བར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་ལྟ་བ་མི་སེམས་སུ་གཏིང་ཟབ་ཟུག་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་སྟངས་གསར་པ་རིམ་བཞིན་ཆགས་ཡོད་པས་ང་ཚོས་སའེ་ཧན་པ་ལྟར་གྱི་ལྗང་མདོག་གི་བྱས་རྗེས་ངོ་མཚར་ཅན་གཏོད་ཐུབ་ངེས་རེད”ཅེས་གསུངས།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་ཐད། ང་ཚོ་མི་རབས་འདིས་འབད་བརྩོན་བྱེད་དགོས་ལུགས་བསྟན་གནང་བས། འཐུས་མི་ཚོས་ངེས་པར་དུ་འབོད་སྐུལ་དང་ལེན་ཞུས་ཏེ་སྙན་སྒྲོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ཐོག་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
         “སྤྱི་ཁྱབ་ཧྲུའུ་ཅིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ‘ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལོ་ངོ་སྟོང་གི་འཆར་གཞིའི’མཐོ་ཚད་ཐོག་རིམ་སྤོར་བྱས་པས། རང་རེའི་ཏང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མུ་ མཐུད་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་བར་མི་རྣམས་ཀྱི་དོ་ཁུར་ཐོབ་པ་དང་མི་སེམས་ལ་སྐུལ་མ་ཐེབས་པ་གསལ་བཤད་ཐུབ་ཡོད”ཅེས་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་འཐུས་མི་མོང་ཀྲེན་ཕིང་གིས་བཤད་ལ། ཁོང་གིས“འདས་ཟིན་པའི་ལོ་ལྔ་ཡི་ནང་རང་རྒྱལ་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་སྣོད་བཅུད་ཁོར་ཡུག་གཏོར་བཤིག་གཏོང་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་བས་སྔར་བྱུང་མྱོང་མེད་པའི་ཕན་འབྲས་ཆེན་པོ་ཐོན་ཡོད། མི་སེར་ཚོས་གནམ་སྔོ་སྤྲིན་དཀར་འོག་མཛེས་སྡུག་ལྡན་པའི་འཚོ་བར་སྔར་བས་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཀུང་སིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་ཧུར་ཐག་བྱས་ཏེ་2020ལོར་སླེབས་སྐབས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་1.7ཟིན་པ་བྱ་རྒྱུའི་ཁྲོད་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་50%ཟིན་པ་བྱ་རྒྱུ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག་ང་ཚོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་སྔ་ཙམ་སྐྲུན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད”ཅེས་གསུངས།