མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དུས་རབས་གསར་པ་དང་དགོངས་པ་གསར་པ། དམིགས་ཚད་གསར་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་
པ་བཅས་ལ་མཁས་དབང་ཚོའི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་23ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ལ་མཐོ་སློབ་ཀྱི་ཏང་གི་འཐུས་མིའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ནས་སྙན་སྒྲོན་ནི་མཐོ་གཟིགས་འོག་བསྐྱངས་དང་། དགོངས་པ་གཏིང་ཟབ་པ། དོན་སྙིང་ཆེན་པོ་ལྡན་པ་བཅས་ཞིག་ཡིན་པས། ང་ཚོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་མཛུབ་ཁྲིད་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔ་ལྟས་ཕྱི་བསམ་གྱི་རང་བཞིན་མངོན་འགྱུར་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།
          ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ཆོད་གཏམ་གལ་ཆེན་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་གཞི་རྩའི་མཛད་ཇུས་བཅས་དང་། དེ་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལས་འགན་ལ་ཁྱོན་ཡོངས་ནས་རྒྱས་བཤད་གནང་ཡོད། དགོངས་པ་གལ་ཆེན་དང་། རིགས་པའི་གཞུང་ལུགས་གལ་ཆེན། འཐབ་ཇུས་གལ་ཆེན་བཅས་ནི་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད།
          ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཆིང་ཧྭ་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཤུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་སྒྲོན་ནང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་སྙོམས་མེད་པ་དང་ཆ་ཚང་པོ་མེད་པའི་འཕེལ་རྒྱས་དབར་གྱི་འགལ་བར་གྱུར་ཟིན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་ཅེས་གསལ་སྟོན་གནང་བ་དང་2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ་དང་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། ཡིད་འོང་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་སྐྲུན་ཐུབ་པའི་འབད་འབུངས་དམིགས་ཚད་བཀོད་གནང་ཡོད། དེ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་པ་ཞིག་དང་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཕྱིར་འབད་འབུངས་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་ཞེས་གསུངས་པ་རེད།
          ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཅིན་ནོ་ཡིས་ཚོགས་ཞུགས་འཐུས་མི་ཞིག་གི་ངོས་ནས་ས་གནས་ས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་སྒྲོན་ཉན་པ་ཡིན། སྙན་སྒྲོན་དེ་མི་སེམས་འགུལ་བ་དང་། སེམས་ཤུགས་སྐྱེད་པ། སློབ་གསོ་ཐེབས་པ་ཞིག་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱིས་རླབས་ཆེན་གྱི་དམིགས་ཚད་ཡིན་པའི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ལ་དམ་པོར་དམིགས་ཏེ་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་མི་དམངས་ཀྱི་རེ་སྨོན་ལ་བརྡ་ལན་བྱས་ནས་དུས་རབས་གསར་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་སྤེལ་ཡོད་པའི་ངོས་འཛིན་གནང་བ་རེད།
           ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཀྲེ་ཅང་སློབ་ཆེན་གྱི་སློབ་སྤྱི་ཝུའུ་ཁྲའོ་ཧུའེ་ཡིས་མཐོ་རིམ་སློབ་གསོའི་འཐུས་མིའི་ངོས་ནས་བརྗོད་ན། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་བླང་བྱ་དང་སྤྱི་ཁྱབ་ཧྲུའུ་ཅིས་ཀྲེ་ཅང་སློབ་ཆེན་ལ་གནང་བའི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་གཞིར་བཟུང་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་དང་སློབ་གསོའི་སྟོབས་ཆེན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་སྤུས་ཚད་སྲོག་ཤིང་དུ་འཛིན་པའི་ནང་དོན་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་དངོས་གཞིའི་ཚན་ཁག་གི་སློབ་གསོ་ཡག་ཤོས་དང་། ཞིབ་འཇུག་སློབ་མའི་སློབ་གསོ་ཕུལ་བྱུང་དང་ཡག་ཤོས། ཁྱད་ལྡན་གྱི་རྒྱུན་མཐུད་སློབ་གསོའི་སྤུས་རྟགས་ཡག་ཤོས། རིག་གཞུང་གསར་གཏོད་ཀྱི་སྣོད་བཅུད་མ་ལག་ཡག་ཤོས་བཅས་གཏོད་ཐུབ་པ་དང་གོ་ལ་ཧྲིལ་པོ་སྒོ་དབྱེ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་འཛམ་གླིང་ན་ཡག་ཤོས་ཡིན་པའི་ཕྱོགས་བསྡུས་རྣམ་པ་དང་། ཞིབ་འཇུག་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་སློབ་ཆེན་སྔ་ཙམ་སྐྲུན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།