མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་གྲོལ་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་24ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་གྲོལ་བ།

          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་གསར་པ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་གསར་པ་བདམས་ཐོན་བྱུང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་(དག་བཅོས་མ་ཟིན)》སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་རྗེས། ཟླ་10ཚེས་24ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་བ་རེད།
         བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ།
        སྔ་དྲོའི་ཆུ་ཚོད་9:00ཐོག་མཇུག་སྒྲིལ་བའི་ཚོགས་འདུ་འཚོག་འགོ་ཚུགས་པ།
        ཚོགས་ཆེན་དུ་ཞུགས་དགོས་པའི་འཐུས་མི་དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི་2354ཡིན་ཞིང་། དངོས་སུ་2336འབྱོར་ཡོད་པ་རེད། དངོས་སུ་འབྱོར་པའི་འཐུས་མི་ནི་ཞུགས་དགོས་པའི་འཐུས་མིའི་གྲངས་འབོར་གྱི་ཕྱེད་ཀ་ལས་བརྒལ་བས། ཚོགས་ཆེན་གྱི་འདེམས་བསྐོ་བྱ་ཐབས་ཀྱི་གཏན་འབེབས་དང་མཐུན་པ་རེད།
        ཚོགས་འདུའི་ཐོག་སྔོན་ལ་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་2དང་འདེམས་ཤོག་ལྟ་ཞིབ་པ་36ཡི་མིང་ཐོར་གྲོས་འཆམ་བྱུང་བ་རེད།
        སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པ་ཚོའི་ལྟ་སྐུལ་འོག ཚོགས་འདུར་ཞུགས་པའི་འཐུས་མི་དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི་ཚོས་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ཐོག་ནས་ཨུ་ཡོན་204དང་རྗེས་སྣོན་ཨུ་ཡོན་172བཅས་ལས་གྲུབ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པ་འདེམས་བསྐོ་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པའི་ཨུ་ཡོན་133འདེམས་བསྐོ་བྱས་པ་རེད།
         ཆུ་ཚོད་11:12ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པ་ནི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་བདམས་ཐོན་བྱུང་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད། ཚོགས་ར་ཡོངས་ནས་ཐལ་མོ་རྡེབ་སྒྲ་ཡུན་རིང་གྲགས་པ་རེད།
        དེའི་རྗེས། ཚོགས་ཆེན་ཐོག་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚབ་གནང་ནས་སྙན་ཞུ་གནང་བར་ཆོག་མཆན་བཀོད་པ་རེད།
         ཚོགས་ཆེན་ཐོག་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ལས་དོན་ཁས་ལེན་གང་ལེགས་བྱས་པ་རེད།
        ཚོགས་ཆེན་ཐོག་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་(དག་བཅོས་མ་ཟིན)》སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། དག་བཅོས་མ་ཟིན་འདི་ཉིད་གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་ནུས་པ་ཐོན་པའི་གྲོས་ཐག་བཅད་པ་རེད། ཚོགས་ཆེན་ཐོག་ཏང་གི་སྒྲིག་ཡིག་གི་ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཉིད་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། "མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་དང་མཉམ་དུ་ཏང་གི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་གཏན་འཁེལ་བྱ་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱུང་བ་རེད།
         ཚོགས་ཆེན་གྱི་གྲོས་རིམ་ཁག་ལེགས་འགྲུབ་བྱས་རྗེས། ཞི་ཅིན་ཕིང་གིས་ཐལ་མོའི་རྡེབ་སྒྲས་ཁེངས་པའི་ཁྲོད་དུ་གསུང་བཤད་གལ་ཆེན་གནང་བ་རེད།
         ཚོགས་ཆེན་ནི་རྔམ་བརྗིད་ཆེ་བའི་《རྒྱལ་སྤྱིའི་གླུ་དབྱངས་》ཀྱི་ཁྲོད་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྒྲིལ་བ་རེད།