མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་ལ་ཞུགས་མཁན་
ཕྱི་ཕྱོགས་ཀྱི་འགོ་ཁྲིད་པར་དགའ་བསུ་ཞུས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་11ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་ལ་ཞུགས་མཁན་
ཕྱི་ཕྱོགས་ཀྱི་འགོ་ཁྲིད་པར་དགའ་བསུ་ཞུས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིང་ཏའོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གསོལ་སྟོན་བཤམས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་ལ་ཞུགས་མཁན་ཕྱི་ཕྱོགས་ཀྱི་འགོ་ཁྲིད་པར་དགའ་བསུ་ཞུས་པ་རེད།
         དགོང་མོའི་ཆུ་ཚོད་7དང་སྐར་མ་10ཡོལ་ཙམ་ལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་ལ་ཞུགས་མཁན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་། ལྟ་ཞིབ་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ། དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་བཅས་སྔ་རྗེས་སུ་ཕེབས་འབྱོར་བྱུང་ཞིང་། རླངས་འཁོར་རུ་ཁག་མཚོ་འགྲམ་ལམ་ཆེན་ནས་རིམ་པས་མདུན་དུ་སྐྱོད་པ་དང་། སྐུ་མགྲོན་ཚོ་གློག་འོད་ཅན་གྱི་ས་གདན་དམར་པོའི་ཐོག་ནས་གསོལ་སྟོན་ཚོམས་ཆེན་ཕྱོགས་སུ་ཕེབས་པ། རྒྱལ་ཁབ་ཁག་གི་རྒྱལ་དར་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་དར་ཆ་གསོལ་སྟོན་ཚོམས་ཆེན་གྱི་གཞུང་སྒོའི་ཐོག་འོད་འགྱེད་རྣམ་པའི་ཐོག་ནས་མངོན་པར་བྱས་ཡོད་པ་རེད། འགྲོ་ལམ་གྱི་གཡས་གཡོན་གཉིས་སུ་ས་གནས་དེ་གའི་གཞོན་ནུ་ལོ་ཆུང་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ལག་ནང་གི་རྒྱལ་དར་དང་། ལྒང་བུ་ཁྲ་ཁྲ། འོད་འཚེར་དབྱུག་པ་སོགས་གཡུག་གཡུག་བྱེད་པ་དང་དགའ་སྤྲོ་འཁོལ་བའི་ཞབས་བྲོ་འཁྲབ་ནས་ཕྱོགས་བཞིའི་སྐུ་མགྲོན་དགའ་བས་བསུས་པ་རེད།
         ཞི་ཅིན་ཕིང་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པས་ཞིབ་བྲིས་རི་མོ་ཆེ་གྲས་《མེ་ཏོག་རབ་ཏུ་བཞད་པའི་བསྐལ་བཟང་དུས་》ཞེས་པའི་མདུན་དུ་དྲན་རྟེན་ལྷན་བཞུགས་འདྲ་པར་བསྐྱོན་པ་རེད།
         ལྒང་བཞུ་དང་གློག་འོད་སྣ་ཚོགས་ཀྱིས་བརྒྱན་པའི་གསོལ་མགྲོན་ཚོམས་ཆེན་གྱི་བཞུགས་གྲལ་མགྲོན་པོས་ཁེངས་ཤིང་། སྙན་འཇེབས་ལྡན་པའི་མགྲོན་བསུའི་གླུ་དབྱངས་ཁྲོད་ཞི་ཅིན་ཕིང་དང་སྐུ་མགྲོན་ཚོ་ལྷན་དུ་གསོལ་སྟོན་ཚོམས་ཆེན་དུ་ཕེབས་པ་རེད།
          ཞི་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་ཧྲན་ཏུང་ནི་ཁུང་ཙེའི་ཕ་ཡུལ་དང་རུའུ་ལུགས་རིག་གནས་དར་ཡུལ་ཞིག་ཡིན། རུའུ་ལུགས་ཀྱི“ཞི་མཐུན”འདུ་ཤེས་དང“ཧྲང་ཧའེ་ཡི་སྙིང་སྟོབས”གཉིས་ལ་མཚུངས་པའི་ཆ་ཧ་ཅང་མང་པོ་ཡོད། “ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་སྣེ་ཁྲིད་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་བདེ་འཇགས་དང་། དཔལ་འབྱོར། མི་ཆོས་སོགས་ཀྱི་མཉམ་ལས་ཁྱབ་ཁོངས་སུ་གཡུར་ཟའི་འབྲས་བུ་ཐོབ་པ་མ་ཟད། ད་དུང་ལམ་སྲོལ་འཛུགས་སྐྱོང་ཐད་ལོ་རྒྱུས་རང་བཞིན་གྱི་གོམ་པའང་སྤོས་ཡོད། ད་ཆ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འདི་ཉིད་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཆིང་ཏའོ་ནི“གཡོར་གྲུའི་ཕ་ཡུལ”གྲགས་ཅན་ཞིག་ཡིན་ཞིང་། གྲུ་གཟིངས་མང་དག་ཅིག་དེ་ག་ནས་རླུང་གཡོར་བསྒྲེངས་ཏེ་ཕུགས་བསམ་དོན་དུ་གཉེར་བར་ཐོན་གྱི་ཡོད། སང་ཉིན་ང་ཚོས་འདི་གར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་མང་དུ་བཏང་རྗེས་ཀྱི་དབུ་ཚོགས་ཐོག་མ་འཚོགས་ཏེ། རྩ་འཛུགས་འདིའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་གཞི་ཕྱོགས་ཡོངས་ནས་འགོད་རྒྱུ་ཡིན། ང་ཚོས་ཆིང་ཏའོ་དབུ་ཚོགས་འགོ་འཛུགས་སར་བྱས་ཏེ“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་རླུང་གཡོར་མཐོན་པོར་བསྒྲེངས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཐུན་མོང་ཐོག་སྐྱོད་འགོ་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད།
         གསོལ་སྟོན་བག་ཕེབས་ཞི་མཐུན་གྱི་རྣམ་པའི་ཁྲོད་བཤམས་ཤིང་། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་མཛའ་བརྩེའི་ངང་བཀའ་མོལ་གནང་བ་མ་ཟད། ད་དུང་ཐུན་མོང་ཐོག་ས་ཁུལ་དེ་གའི་རྒྱལ་ཁབ་ཁག་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཁམས་བཟང་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ། ཆིང་ཏའོ་ཡི་དབུ་ཚོགས་ཐུགས་གྲ་ལེགས་སྒྲིག་ཡོང་བ་བཅས་ཀྱི་སྨོན་འདུན་ཡང་ཞུས་པ་རེད།
         གསོན་སྟོན་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་དང་སྐུ་མགྲོན་ཚོ་གསོལ་སྟོན་ཚོམས་ཆེན་གྱི་ཕྱི་རོལ་གྱི་ལྗོངས་གཟིགས་སྒང་དུ་ཕེབས་ནས་ཕུའུ་ཧྲན་མཚོ་ཁུག་གི་མཚོ་ངོས་སུ་《ཐག་རིང་ནས་ཕེབས་པའི་སྐུ་མགྲོན་》ཞེས་པའི་གློག་འོད་ཅན་གྱི་ཚོན་ཁྲའི་ཤོག་སྦག་སྒྱུ་རྩལ་འཁྲབ་སྟོན་བྱས་པར་གཟིགས་པ་རེད།
         ཏིང་ཤུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཀྲའོ་ཁེ་ཀྲེ། ཧོ་ལི་ཕུང་སོགས་གོང་གསལ་བྱེད་སྒོར་ཞུགས་པ་རེད།

༄༅།།ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་ལ་ཞུགས་མཁན་
ཕྱི་ཕྱོགས་ཀྱི་འགོ་ཁྲིད་པར་དགའ་བསུ་ཞུས་པ།