མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་མཁན་ཕྱི་རྒྱལ་གྱི་
འགོ་ཁྲིད་པ་དང་ལྷན་དུ་འགྲེམས་ཁང་ལ་སྐོར་གཟིགས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་མཁན་ཕྱི་རྒྱལ་གྱི་
འགོ་ཁྲིད་པ་དང་ལྷན་དུ་འགྲེམས་ཁང་ལ་སྐོར་གཟིགས་གནང་བ།

      ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་ལྷན་དུ་འགྲེམས་ཁང་ལ་སྐོར་གཟིགས་གནང་བ་རེད།
      ཉིན་དགུང་། ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་ལྷན་དུ་རྒྱལ་ཁབ་ཚོང་དོན་མ་འཇོག་ཕྱོགས་བསྡུས་འགྲེམས་ཁང་དུ་ཕེབས་པ་དང་ཁོང་རྣམ་པས་ཕེབས་ཞོར་དུ་གཟིགས་པ་དང་གླེང་མོལ་གནང་གིན་ཧང་ག་རི་དང་། ཨེ་ཅིབ། དབྱིན་ཇི། ཅེ་ཁེ། ཁེན་ནི་ཡ། སར་ཝ་ཏོལ། ཏོ་སྨི་ནི་ཁ། ལོ་སི། འཇོར་ཇི་ཡ། ཝེ་ཐེ་ནམ། ཕ་ཁི་སི་ཐན། ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་འགྲེམས་ཁུལ་དུ་སྔ་རྗེས་སུ་གཟིགས་སྐོར་གནང་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཚོང་དོན་གྱི་འཕེལ་རྒྱས་གྲུབ་འབྲས་དང་ཁྱད་ལྡན་ལེགས་ལྡན་ཐོན་རྫས་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་དང་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་བརྙན་ལམ་བརྒྱུད་ཧང་ག་རིའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་གཟིགས་པ་དང་། ཨེ་ཅིབ་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ཤེས་དཔལ་དང་དེང་རབས་འཕེལ་རྒྱས་ཀྱི་འཆར་འགོད་མྱོང་རོལ་གནང་བ། དབྱིན་ཇིའི་འགྲེམས་ཁང་གི་རབ་མཛེས་དར་སོ་ཆེ་བའི་3Dབརྙན་ལམ་ཐུན་མོང་ཐོག་ཉམས་ལེན་གནང་བ་རེད། ཅེ་ཁེའི་འགྲེམས་ཁང་དུ་ཙུང་ཐུང་ཙེ་མན་གྱིས་ཅེ་ཁེ་ནས་ཐོན་པའི་ཀང་ཆིན་ལས་སྐབས་འཕྲལ་དུ་རོལ་དབྱངས་ཤིག་དཀྲོལ་བ་དང་འབྲེལ་ཞི་ཅིན་ཕིང་ཅེ་ཁེའི་སྦི་རག་གི་བྲོ་བ་གཟིགས་པར་གདན་དྲངས་པ་རེད། ཁེན་ནི་ཡའི་མེ་ཏོག་སོས་པ་དང་། སར་ཝ་ཏོལ་གྱི་ཀོག་ཧྥེ། ཏོ་སྨི་ནི་ཁའི་ཤིང་འབྲས་ལ་སོགས་རྒྱལ་ཁབ་ཁག་གི་ཁྱད་ལྡན་ཐོན་ཟོག་ཁྲ་ཆིལ་སྦ་ཆིལ་ལས་ཀྲུང་གོ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་ཡིད་དབང་བཀུག་ནས་ཕེབས་མཚམས་ཡང་ཡང་འཇོག་བཞིན་དུ་གཟིགས་པ་རེད། འཇོར་ཇི་ཡའི་ཙུང་ལི་དང་ཝེ་ཐེ་ནམ་གྱི་ཙུང་ལིས་ཞི་ཅིན་ཕིང་ལ་རང་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ཟོག་དང་ཡུལ་སྐོར་རྣམ་གྲངས་འོས་སྦྱོར་བྱས་པ་རེད། ལོ་སིའི་འགྲེམས་ཁང་དུ་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་རྣམ་གྲངས་ཀྱི་ས་བབ་མཚོན་བྱེད་གཞོང་པ་དང་ཕ་ཁི་སི་ཐན་འགྲེམས་ཁང་གི་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་འགྲེམས་པང་དུ་ཀྲུང་ལོ་དང་ཀྲུང་ཕའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་མདུན་ལམ་བཟང་པོ་སོ་སོར་འགྲེམས་སྟོན་བྱས་ཡོད། ཨུ་རུ་སུའི་འགྲེམས་ཁང་དུ་ཞི་ཅིན་ཕིང་གིས་ཙུང་ལི་མའེ་ཏེ་ཝེ་ཅེ་ཕུའུ་ཡི་ཕེབས་རོགས་འོག་ཀྲུང་གོ་དང་ཨུ་རུ་སུའི་ཉིང་གློག་དང་། རང་བྱུང་སོལ་རླངས། གནམ་གྲུ་བཟོ་བ། ས་གནས་དབར་གྱི་འགྲོ་འོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱས་པའི་གྲུབ་འབྲས་ཀྱི་ངོ་སྤྲོད་གསན་པ་དང་ཀྲུང་ཨུ་མཉམ་ལས་ཀྱི་ཡངས་པའི་མདུན་ལམ་ལ་ལྷན་དུ་རྒྱང་ལྟ་གནང་བ་རེད།
       ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོས་གཟིགས་པ་དང་འབྲེལ་བཀའ་འདྲི་ཡང་ཡང་གནང་ཞིང་། ཁོང་གིས་རྒྱལ་ཁབ་ཁག་གི་འགྲེམས་ཟོག་སྣ་ཁ་ཧ་ཅང་མང་བ་དང་རང་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་འདུག རེ་བར་ཕྱོགས་ཁག་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་རྒྱུ་གོ་སྐབས་སུ་བྱས་ནས་ཚོང་ལས་གོ་སྐབས་ཤེས་རྟོགས་བྱེད་པ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རང་ངོས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཀྲུང་གོར་སྤུས་ལེགས་ཐོན་ཟོག་ཕྱིར་གཏོང་བྱེད་པ་བརྒྱུད་ཀྲུང་གོའི་ཁྲོམ་ར་ཕུན་སུམ་ཚོགས་སུ་བཏང་ནས་ཀྲུང་གོའི་འཛད་སྤྱོད་པའི་ཉིན་བཞིན་ཆེ་རུ་འགྲོ་བའི་དགོས་མཁོ་སྣ་མང་བསྐངས་ཏེ་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
      དེ་རྗེས་ཞི་ཅིན་ཕིང་དང་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་ཀྲུང་གོའི་འགྲེམས་ཁང་དུ་ཕེབས་པ་དང་། ཀྲུང་གོའི་འགྲེམས་ཁང་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གཙོ་རྐང་དུ་བྱས་ནས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ཧ་ཅང་ཆེན་པོ་འགྲེམས་སྟོན་བྱས་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པས་འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་འཕྲད་པ་མཚོན་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པས་ལྷན་དུ་ཀྲུང་གོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཚོན་པའི་བརྙན་ལམ་གཟིགས་པ་དང་གསར་གཏོད་འཕེལ་རྒྱས་ཀྱི་འགྲེམས་ཁུལ་དུ་ལོ་སི་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་ལྕགས་ལམ་ཉམས་ལེན་འཁོར་ཁང་གི་འདྲ་བཟོས་ཁ་ལོ་བའི་ལས་སྟེགས་སུ་བཀོལ་སྤྱོད་གནང་བཞིན་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཡི་བྱ་འཕུར་བ་ལྟར་གྱི་མྱུར་བགྲོད་ལྕགས་ལམ་གྱི་མཐོང་ཚོར་དང་ཐོས་ཚོར་གྱི་རྡབ་རྡེག་དངོས་སུ་མྱོང་ཚོར་གནང་བ་རེད། ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝེ་ཅེ་ཕུའུ་ཡིས“མགྱོགས་པོ་ཞེ་དྲག་འདུག”ཞེས་བསྔགས་བརྗོད་ཡང་ཡང་བྱས་ཡོད། ཀྲུང་གོས་རང་བརྟེན་ཞིབ་བཟོ་བྱས་པའི་C919དབྱིབས་ཅན་གྱི་གནམ་གྲུར་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་དགའ་སྣང་ཆེན་པོ་བྱས་པ་རེད། མཐུན་སྦྱོར་འཕེལ་རྒྱས་ཀྱི་འགྲེམས་ཁུལ་དུ་བསྐྲུན་ནས་ཤར་གཏོང་བྱས་མ་ཐག་པའི་ཤང་ཀང་དང་། ཀྲུའུ་ཧའེ། ཨའོ་མོན་བཅས་ཀྱི་ཟམ་ཆེན་གྱི་དཔེ་དབྱིབས་ཀྱིས་ཚང་མའི་ཡིད་དབང་འཕྲོག་པ་དང་ཞི་ཅིན་ཕིང་གིས་ཟམ་ཆེན་བསྐྲུན་ཟིན་མ་ཐག་ཡིན་པ་དང་རྒྱ་མཚོའི་རླུང་འཚུབ་དྲག་པོའི་ཚོད་བགམ་ཐེག་ཐུབ་ཡོད་ཅེས་ངོ་སྤྲོད་གནང་། འགུལ་རྣམ་དཔར་གཞིའི་རི་སྔོ་ཆུ་དྭངས་ཀྱི་པར་རིས་ལས་ཀྲེ་ཅང་ཞིང་ཆེན་ཨན་ཅིས་རྫོང་གི་ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཤེས་དཔལ་ལྡན་པ། བཅོས་སྐྱོང་ནུས་ལྡན་བཅས་ཀྱི་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་མཚོན་ཡོད། ཞི་ཅིན་ཕིང་གིས་2005ལོར་ཨན་ཅིས་སུ“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན”ཞེས་པའི་ཚན་རིག་དང་མཐུན་པའི་འདུ་ཤེས་ཐེངས་དང་པོ་བཏོན་གནང་བ་རེད། སྒོ་དབྱེའི་འཕེལ་རྒྱས་ཀྱི་འགྲེམས་ཁུལ་དུ་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་འདྲ་བཟོས་འགུལ་རྣམ་འཁོར་རྒྱུག་བྱེད་པའི་གློག་རྡུལ་གྱི་ས་བབ་མཚོན་བྱེད་གཞོང་པར་གཟིགས་པ་དང་ཞི་ཅིན་ཕིང་དང་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་ད་དུང་ཀྲུང་གོའི་འགྲེམས་ཁང་ནང་གི་ཐའེ་དབན་དང་། ཨའོ་མོན། ཤང་ཀང་བཅས་ཀྱི་འགྲེམས་ཁུལ་ལ་ལྷན་དུ་སྐོར་གཟིགས་གནང་བ་རེད།
       རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གིས་འགྲེམས་སྟོན་ནང་ཞུགས་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་ཏེ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུས་པ་རེད། ཁོང་རྣམ་པས་ཀྲུང་གོས་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་བ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་བསྟུན་མཁས་ཀྱི་རྣམ་འགྱུར་དང་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་གི་འགན་ཁུར་བསམ་པ་གང་ལེགས་མཚོན་ཡོད་ཅེས་བརྗོད། ཁོང་རྣམ་པས་འགོ་འཛུགས་མཛད་སྒོའི་ཐོག་ཞི་ཅིན་ཕིང་གིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བར་ཚད་མཐོའི་གདེང་འཇོག་དང་མོས་སེམས་ཟབ་མོ་མཚོན་པ་དང་རྒྱལ་ཁབ་ཁག་གིས་ཀྲུང་གོའི་ཁྲོམ་རར་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡོངས་ཁྱབ་ངང་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་པས་ཀྲུང་གོ་དང་མཉམ་ལས་བྱེད་པའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཕྱོགས་གཉིས་ཀྱི་ཚོང་དོན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་གི་རང་མོས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

  
style="display:none;"