མི་དམངས་དྲ་བ།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་གྱིས་གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློ་
རིག་གནས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་16ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་། རིག་གནས་པུའུ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་བཅས་ཀྱིས་<<གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བསམ་འཆར་>>པར་འགྲེམས་བྱས་པའི་ནང་ལྟེ་བར་དམིགས་རྒྱུ་དང་མང་ཚོགས་ལ་ཞབས་ཞུ་མཐའ་འཁྱོངས་དང་། དོན་དངོས་ལ་གཞི་ཚུགས་རྒྱུ་དང་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས། ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུ་དང་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས། སྒྱུར་བཅོས་གསར་གཏོད་དང་དངོས་ཕན་ཐོབ་ཐབས་མཐའ་འཁྱོངས་བཅས་བྱས་ཏེ་གཞི་རིམ་གྱི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། སྤུས་ལེགས་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་སྤྲོད་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། སྒྲིག་བཀོད་གཡུལ་ས་དང་ལས་དོན་རུ་ཁག་གི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་བཅས་ཀྱི་ཐོག་ནས་གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་སྤེལ་ཤུགས་ཆེ་རུ་འགྲོ་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
         <<བསམ་འཆར་>>ནང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་།“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་བྱས་ཚུལ་སློབ་སྦྱོང་དང་། དྲིལ་བསྒྲགས།ལག་བསྟར་བཅས་གཏིང་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་། ཀྲུང་གོའི་ལམ་བུ། ཀྲུང་གོའི་ཕུགས་འདུན་བཅས་དྲིལ་བསྒྲགས་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་བ་བཅས་ཀྱི་ཐོག་ནས་ལམ་བུར་ཡིད་ཆེས་དང་། རིགས་པའི་གཞུང་ལུགས་ལ་ཡིད་ཆེས། ལམ་ལུགས་ལ་ཡིད་ཆེས་བཅས་བྱེད་པའི་ལས་བྱེད་མང་ཚོགས་ཀྱི་བསམ་པ་བརྟན་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་སྦྱོང་བྱ་རྒྱུ་དང་། སློབ་གསོ་གཏོང་རྒྱུ། ལག་ལེན་བསྟར་རྒྱུ་བཅས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་སྐྱོང་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས། ཁྱིམ་ཚང་གི་འདུ་ཤེས་བཅས་ཀྱི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་རྒྱུ་དེ་བརྒྱུད་རིམ་ཅན་དང་ཞིབ་ཕྲ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་སུ་ཐུན་མོང་གི་རིན་ཐང་དོན་གཉེར་གྱི་རྣམ་པ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
         <<བསམ་འཆར་>>ནང་<<རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཁྲིད་སྟོན་ཚད་གཞི་(2015ལོ་ནས་2020ལོ་བར)>>དོན་འཁྱོལ་བྱས་ཏེ་གཞི་རིམ་གྱི་དྲིལ་བསྒྲགས་རིག་གནས་སྒྲིག་བཀོད་གཡུལ་ས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་སྤུས་ལེགས་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་གཞི་ཅན་དང་ཆ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་དྲིལ་བསྒྲགས་རིག་གནས་ལས་དོན་མི་སྣ་བཀོད་སྒྲིག་ཚང་པོ་དང་བཀོད་སྒྲིག་ཡག་པོ་བྱེད་པ་དང་། དམངས་ཁྲོད་ཀྱི་ཤེས་ལྡན་པའི་དཔུང་ཁག་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་པ། གསོ་སྦྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ། བསྔགས་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་དཔུང་ཁག་སྟོབས་ཆེར་གཏོང་དགོས་ཞེས་བསྟན་ཡོད།
         <<བསམ་འཆར་>>ནང་ལས་དོན་སྤེལ་སྟངས་དང་སྤེལ་ཐབས་གསར་གཏོད་བྱེད་པ་དང་། རིགས་དབྱེ་ཅན་དང་དམིགས་ཡུལ་ཅན་གྱི་རྣམ་པ་སྤྱོད་པ། རྣམ་གྲངས་ལ་དམ་འཛིན་བྱེད་པ་དང་བྱ་བ་དངོས་སྒྲུབ་པའི་བྱེད་སྟངས་སྤྱོད་པ། འཕྲིན་སྦྲེལ་དྲ་བ་དང་། ལག་ཐོགས་ཁ་པར།སྒུལ་བདེའི་མཁོ་ཕྱོགས་སོགས་སྟེགས་བུ་སྤྱོད་པ། དགའ་ཉེའི་སྐད་ཆ་ཤོད་པ་བཅས་ཀྱི་ཐོག་ནས་ལས་ཀའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འཁོར་རྒྱུག་དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ་དང་། སྒྲིག་བཀོད་འཛུགས་སྐྲུན་དང་འཁོར་རྒྱུག་དོ་དམ་གལ་ཆེ་མཉམ་འཇོག་མཐའ་འཁྱོངས་བྱེད་པ། འཁོར་རྒྱུག་ལམ་སྲོལ་དང་དོ་དམ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་སྟོབས་ཤུགས་ལ་སྤྱི་པའི་རིག་གནས་ཞབས་ཞུ་འཛུགས་སྐྲུན་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཐོག་ནས་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།
         <<བསམ་འཆར་>>ནང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ལ་མཐོང་ཆེན་བྱས་ནས་ལས་དོན་ཁྱོན་ཡོངས་ཀྱི་གནས་བབ་མངོན་གསལ་དོད་པོའི་ཐོག་འཇོག་དགོས་པ་དང་། རྩ་འཛུགས་འགོ་ཁྲིད་དང་ལས་དོན་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་དཔལ་འབྱོར་སྲིད་ཇུས་དོན་འཁྱོལ་བཅས་བྱས་ཏེ་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། 2015ལོ་དེ“གཞི་རིམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ལོ”རུ་བརྩིས་ཏེ་གཙོ་གནད་གཤམ་སྒྱུར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ལས་ཀའི་སེམས་ཤུགས་སྔར་བས་མང་པོ་དང་ལས་ཀའི་ཐོན་ཁུངས་སྔར་བས་མང་པོ་གཞི་རིམ་དུ་བཏང་ནས་གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ལ་དེ་བས་ཆེ་བའི་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།