མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སུན་ཁྲུན་ལན་གྱིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣར་མཇལ་འཕྲད་གནང་སྐབས་བོད་
བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་
གཏོང་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་23ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་པེ་ཅིང་དུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རམས་པའི་མཚན་གནས་སྤྲོད་པའི་མཛད་སྒོར་ཞུགས་མཁན་་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣར་མཇལ་འཕྲད་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
         སུན་ཁྲུན་ལན་གྱིས་གྲོལ་མ་ཐག་པའི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལམ་ཚད་རྡོ་རིང་གསར་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་གི་ཆོས་ཕྱོགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པར་ཁས་ལེན་གང་ལེགས་གནང་བ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པར་ངེས་པར་དུ་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། ངེས་པར་དུ་ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པར་རྩོད་སྒྲུབ་ཀྱི་སྒོ་ནས་ལྟ་སྟངས་འཛིན་དགོས་པ། ངེས་པར་དུ་ཆོས་ཕྱོགས་ལས་རིགས་ཀྱི་མི་སྣས་ནུས་པ་འདོན་རྒྱུར་མཐོང་ཆེན་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད། ཚང་མས་སློབ་སྦྱོང་ནན་ཏན་བྱས་ཏེ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
         སུན་ཁྲུན་ལན་གྱིས་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་མཚན་གནས་ལམ་ལུགས་བཙུགས་པ་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཚབ་བྱེད་མི་སྣ་གསོ་སྐྱོང་བྱེད་པ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཚང་མས་སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ་དང་རྒྱུགས་སྤྲོད་ནན་པོ་བྱས་པ་བརྒྱུད་བོད་བརྒྱུད་ནང་བསྟན་གྱི་ཆུ་ཚད་མཐོན་པོ་མཚོན་པའི་མཚན་གནས་ཐོབ་ཡོད། ཚང་མས་མཚན་གནས་ལ་གཅེས་འཛིན་བྱས་ཏེ་རང་ཉིད་ཀྱི་སྦྱངས་འབྲས་ཐོག་ནས་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུའི་རེ་བ་ཡོད། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་སྡོམ་སྲུང་ཁྲིམས་སྲུང་དང་རྒྱལ་སྐྱོང་འགྲོ་ཕན་བྱས་ཏེ་བློ་གྲོས་དང་སྟོབས་ཤུགས་དེ་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན། ཆོས་ལུགས་ལམ་ལྷོངས་བཅས་ལ་སྐུལ་མ་གཏོང་བའི་ཐད་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་རམས་པའི་མཚན་གནས་ནི་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་མཐོ་ཤོས་རེད། ད་རེས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་གཅིག་པའི་སློབ་ཐོན་སློབ་མར་དཔྱད་ཞིབ་ནན་པོ་བྱས་པ་བརྒྱུད་མཐོ་རམས་པའི་མཚན་གནས་ཐོབ་ཡོད།