མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་<<ཀྲུང་གོ་གུང་ཁྲན་ཏང་
གི་ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག་(ཚོད་ལྟའི་ལག་བསྟར)>>ལ་གྲོས་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་31ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་<<ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)>>ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཡོངས་གཅིག་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་པར་ངེས་པར་དུ་སྟོབས་དང་ལྡན་ལ་ནུས་ལྡན་གྱི་རྩ་འཛུགས་ལམ་ལུགས་ཀྱི་འགན་ལེན་ཡོད་དགོས། རྒྱལ་ཁབ་ལས་ཁུངས་དང། མི་དམངས་ཚོགས་པ། དཔལ་འབྱོར་རྩ་འཛུགས། རིག་གནས་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་བཅས་དང་དེ་མིན་རྩ་འཛུགས་ཀྱི་འགོ་ཁྲིད་ལས་ཁུངས་ནང་ཏང་ཙུའུ་འཛུགས་རྒྱུ་དེ་ནི་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་འགན་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་དང་ང་ཚོའི་ཏང་གི་ཐུན་མིན་གྱི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། ལམ་ལུགས་ཀྱི་ལེགས་ཆ་བཅས་མངོན་གྱི་ཡོད། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཁག་ནང་ཏང་ཙུའུ་ཡི་ལམ་ལུགས་ཀྱིས་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། མིག་སྔར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ནན་པོ་བྱས་ནས་ཏང་འཛུགས་སྐྱོང་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་ཏང་ཙུའུ་ཡི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་ཏང་ཙུའུ་ཡི་ལས་དོན་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། <<སྲོལ་ཡིག་>>ནང་ཏང་ཙུའུ་འཛུགས་རྒྱུ་དང་། འགན་འཁྲི། རྩ་འཛུགས་ཀྱི་རྩ་དོན། ལས་ཀའི་གྲོས་རིམ་ཐབས་ཇུས་སོགས་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་བ་དང་འབྲེལ་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་གཏོང་བའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པས་དེ་ནི་ཏང་ཙུའུ་ལས་དོན་ཐད་ཀྱི་ཏང་ནང་གི་རྨང་གཞིའི་ཁྲིམས་སྲོལ་ཞིག་དང་ཏང་ཙུའུ་འཛུགས་རྒྱུ་དང་འཁོར་སྐྱོད་ཀྱི་སྤྱིའི་གཞི་འཛིན་ས་དང་བསྟུན་ས་ཞིག་ཡིན། <<སྲོལ་ཡིག་>>གཏན་འཁེལ་དང་ལག་བསྟར་བྱས་པ་དེས་ཏང་ཙུའུ་ཡི་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་རྒྱུ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུ། ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུ། ཏང་གི་སྲིད་འཛིན་གནས་བབ་སྲ་བརྟན་དུ་གཏོང་རྒྱུ། ཏང་གི་སྲིད་འཛིན་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ཚོགས་འདུའི་ཐོག་<<སྲོལ་ཡིག་>>ཆ་ཚང་ཡོངས་བསྒྲགས་ཐོག་ཁྱབ་བསྒྲགས་བྱ་རྒྱུའི་མོས་མཐུན་བྱས་པ་རེད།
         ཚོགས་འདུའི་ཐོག་རིམ་ཁག་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་དང་། ལམ་ལུགས་ཐོག་ནས་ཏང་བཅོས་སྐྱོང་། སྒྲིག་སྲོལ་ཐོག་ནས་ཏང་བཅོས་སྐྱོང་བཅས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཏང་ཙུའུ་ཡི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་<<སྲོལ་ཡིག་>>ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། <<སྲོལ་ཡིག་>>དྲིལ་བསྒྲགས་འཆད་འགྲེལ་དང་སློབ་སྦྱོང་གསོ་སྦྱོང་བྱེད་པའི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་<<སྲོལ་ཡིག་>>གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་དེའི་ནང་དོན་ཁོང་དུ་ཆུད་པ་བྱས་ཏེ་ཏང་ཙུའུ་ཡི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ནུས་པ་ཆེ་རུ་གཏོང་དགོས། ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ་<<སྲོལ་ཡིག་>>གི་གཏན་འབེབས་དང་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།