མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་སྐབས་བཅོ་བརྒྱད་
པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་གྲོས་ཞིབ་བྱ་རྒྱུར་འབུལ་
རྩིས་ཡོད་པའི་ཡིག་ཆ་སོགས་ལ་གྲོས་བསྡུར་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་14ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་10ཚེས་12ཉིན་ཚོགས་འདུ་འཚོགས་ཏེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞིའི་གནད་དོན་འགངས་ཆེན་ཞིབ་འཇུག་བྱས་ཏེ་བཟོས་པ་དང་《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཚད་གཞི་》དང་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་10ཚེས་26ཉིན་ནས་ཚེས་29ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞི་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི་》མ་ཟིན་ལ་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུ་ཉན་པ་དང་ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་ལ་བཟོ་བཅོས་བྱས་རྗེས་གྲོས་འགོའི་མ་ཟིན་དེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
         ཚོགས་འདུའི་ཐོག་ད་ཐེངས་བསམ་འཆར་བསྡུ་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་ས་ཁུལ་ཁག་དང་། སྡེ་ཚན་ཁག་གི་འབྲེལ་ཡོད་ཕྱོགས་ཁག་བཅས་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིས་གྲོས་འགོའི་མ་ཟིན་ལ་བསམ་འཆར་དང་གྲོས་འགོ་ཧ་ཅང་ཡག་པོ་བཏོན་པ་དང་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་བཏང་ཡོད། ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། རིམ་པ་བཞིན་ཞིབ་འཇུག དང་ལེན་གང་ཐུབ་བཅས་བྱས་ཏེ་ཡིག་ཆ་ཡག་པོ་བཟོས་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་དང་འཆར་གཞི་ཡག་པོ་བཏིང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དུས་བཀག་ལྟར་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
         ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ནི་རང་རྒྱལ་གྱི་འཕེལ་རྒྱས་ཐད་ཆེས་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་པ་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པ་དང་གསར་འབྱེད་གསར་གཏོད་བྱས་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ་དང་རང་རྒྱལ་གྱི་འཕེལ་རྒྱས་ཐད་གྲུབ་འབྲས་འགངས་ཆེན་ཐོབ་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་དམིགས་ཚད་མངོན་འགྱུར་ཡོང་གྲབས་ཡོད་པ་དང་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་བཅས་སླར་ཡང་སྐས་རིམ་ཆེན་པོ་ཞིག་ཏུ་སླེབས་པའི་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་མི་དམངས་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྟོབས་ཤུགས་ཡིན་པས་ངེས་པར་དུ་མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་གཟི་བསོད་ཆེ་རུ་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ། མི་དམངས་འདྲ་མཉམ་ངང་ཞུགས་པ་དང་འདྲ་མཉམ་ངང་འཕེལ་རྒྱས་འགྲོ་བའི་ཁེ་དབང་འགན་ལེན་བྱེད་པ། མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་དགོས། དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་ལྟེ་བར་བྱས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འགྱུར་མགྱོགས་སུ་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཁག་གི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། ཁྲོམ་ར་གཉིས་དང་ཐོན་ཁུངས་རིགས་གཉིས་དེ་བས་ལེགས་པའི་སྒོ་ནས་བེད་སྤྱོད་པ་བཅས་བྱས་ཐོག་རང་རྒྱལ་གྱི་འཕེལ་རྒྱས་ཐད་སྒུལ་ཤུགས་སྟོབས་ཆེན་དང་འགན་ལེན་ནུས་ལྡན་ཟམ་མི་ཆད་པར་མཁོ་འདོན་བྱེད་དགོས་ཞེས་བསྟན་པ་རེད།
         ཚོགས་འདུའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུ་ནི་ཏང་གི་ལོ་རྒྱུས་འགན་འཁྲི་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་ཞིང་། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུའི་རྩ་བའི་ཐབས་ཇུས་ཡིན་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཏང་ཀྲུང་དབྱང་གིས་ཆབ་སྲིད་སྒྲིག་ཁྲིམས་དང་། ཆབ་སྲིད་སྒྲིག་ལམ། རྩ་འཛུགས་སྒྲིག་ལམ་བཅས་དྲང་ནན་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་ངན་ལ་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། སྐོར་གཟིགས་ལྟ་སྐུལ་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་ནན་བཤད་མངོན་གསལ་དོད་པོ་བྱས་ཡོད། ཕུན་སུམ་ཚོགས་པའི་ལག་ལེན་གྱིས་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་གསར་གཏོད་བྱེད་པར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་ཞུགས་ཀྱི་ཚད་གཞི་འགའ་ཞིག་》དང་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》བཟོ་བཅོས་ལས་དོན་གྱིས་ཏང་གི་སྒྲིག་ཡིག་དེ་གཞི་རྩའི་བརྩི་སྲུང་ཞུ་སར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནད་དོན་ཕྱོགས་སྟོན་ལ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྒྲིག་ཁྲིམས་དེ་བཅའ་ཁྲིམས་ལས་ནན་པ་དང་སྒྲིག་ཁྲིམས་དེ་བཅའ་ཁྲིམས་ཀྱི་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་འཛུགས་སྐྱོང་གི་ལོ་རྒྱུས་ཉམས་མྱོང་བསྡུ་ལེན་བྱེད་པ། ཏང་ནན་པོར་སྐྱོང་བའི་ལག་ལེན་གྱི་འབྲས་བུ་དེ་སྒྲིག་ཁྲིམས་དང་ཀུན་སྤྱོད་ཀྱི་བླང་བྱར་བྱེད་པ་བཅས་བྱས་ཐོག་ཏང་ནང་གི་ཁྲིམས་སྲོལ་འཛུགས་སྐྱོང་བྱ་རྒྱུ་དུས་བསྟུན་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བར་དང་ཐོག་ཏང་གི་སྒྲིག་ཡིག་ལ་བརྩི་བཀུར་ཞུ་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི་《ཚད་གཞི་》དང་《སྲོལ་ཡིག་》དེ་ནི་ཏང་གི་སྒྲིག་ཡིག་གཏན་འབེབས་ཞིབ་ཚགས་སུ་བཏང་བ་ཞིག་རེད། ཁྲིམས་སྲོལ་ཁག་གཉིས་པོ་དེ་དོན་འཁྱོལ་ནན་ཏན་དང་ལག་བསྟར་ནན་ཏན་བྱས་ནས་བླ་ན་མེད་པའི་ཀུན་སྤྱོད་འཛུགས་པ་དང་ནན་ལ་དྲང་བའི་ཏང་གི་སྒྲིག་ཁྲིམས་ཀྱི་ཚད་ཤིང་ལ་བརྟེན་ནས་ཏང་གི་སྒྲིག་ཡིག་གི་དབང་གྲགས་འཛུགས་དགོས། 《ཚད་གཞི་》ཡིས་སྤྱོད་གཙང་རང་འདོམས་ཀྱི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ནས་ཏང་གི་ཕུགས་བསམ་དད་སེམས་ཀྱི་དམིགས་ཡུལ་དང་ཕུལ་བྱུང་སྲོལ་རྒྱུན་བསྐྱར་བཤད་བྱས་པ་དང་། དྲང་ཕྱོགས་ཀྱི་ཁྲིད་སྟོན་དང་ཀུན་སྤྱོད་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག་ཏང་ཡོན་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་མིག་མཐོང་ལག་ཟིན་ཐུབ་པའི་ཚད་གཞི་མཐོ་པོ་བཟོས་ཏེ་གུང་ཁྲན་ཏང་མིའི་བླ་ན་མེད་པའི་ཀུན་སྤྱོད་མངོན་པར་བྱས་ཡོད། 《སྲོལ་ཡིག་》ནང་ཏང་གི་སྒྲིག་ཡིག་གིས་སྒྲིག་ཁྲིམས་ཐད་ཀྱི་བླང་བྱ་དེ་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་སུ་བསྡུ་སྒྲིལ་བྱས་ཏེ་ལྡོག་ཕྱོགས་ཀྱི་གསལ་ཐོ་བཟོས་ནས་སྒྲིག་ལམ་བཟོ་རྒྱུར་མཐོང་ཆེན་བྱས་ཏེ་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་རེག་ཐུག་བྱེད་མི་རུང་བའི་མཚམས་ཐིག་བཟོས་པའི་ངོས་འཛིན་བྱས་པ་རེད།
         ཚོགས་འདུའི་ཐོག་རང་རེའི་ཏང་ནི་གསར་བརྗེའི་ཕུགས་བསམ་དང་སྒྲིག་ཁྲིམས་ནན་པོ་ལྡན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་ཞིང་། སྒྲིག་འཛུགས་དམ་པ་དང་སྒྲིག་ཁྲིམས་དྲང་ནན་དེ་ནི་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་ཆབ་སྲིད་ཀྱི་ལེགས་ཆ་ཡིན། ཏང་གི་སྒྲིག་ཁྲིམས་དྲང་ནན་བྱེད་པར་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་རྒྱུ་དེ་གནས་བབ་ཨང་དང་པོར་འཇོག་དགོས། སྒྲིག་ཁྲིམས་གང་ཞིག་ལས་འགལ་བ་དང་དེ་རྒྱ་ཡན་དུ་བཏང་ཚེ་མཐར་ཏང་གི་སྲིད་སྐྱོང་རྨང་གཞིར་བསླད་སྐྱོན་ཐེབས་པ་དང་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ལ་གཏོར་བཤིག་ཐེབས་སྲིད། རིམ་ཁག་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་བྱེད་པོའི་འགན་འཁྲི་ཁུར་བ་དང་དོན་འཁྱོལ་ཡག་པོ་བྱས་ཏེ་《ཚད་གཞི་》དང་《སྲོལ་ཡིག་》ལ་ནན་པོར་གཞིགས་ཏེ་བྱ་བ་སྒྲུབ་པ་དང་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་ཁྲིམས་དེ་ཏང་ཡོན་ཡོངས་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སེམས་ནང་ཟུག་པ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་ལམ་གྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་བྱེད་པའི་སྣེ་ཁྲིད་པ་དང་འགན་འཁྲི་ཁུར་ཕོད་པ་དང་། གཟབ་ནན་བྱེད་ཕོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ནས་སྒྲིག་ཁྲིམས་དང་ཏང་ནང་གི་ཁྲིམས་སྲོལ་ཁག་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། རིམ་ཁག་སྒྲིག་ཨུད་ཀྱིས་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར་། འགན་འཁྲི་བདའ་འདེད་བཅས་ཀྱི་ལས་འགན་ཕྱོགས་ཡོངས་ནས་བསྒྲུབས་ཏེ་《ཚད་གཞི་》དང་《སྲོལ་ཡིག་》ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལམ་སྲོལ་ནུས་ལྡན་འཚོལ་ཞིབ་བྱེད་པ་དང་བཟོས་ཐོག“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།