མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུས་སང་ལོའི་ཟླ་3ཚེས་3ཉིན་རྒྱལ་ཡོངས་སྲིད་གྲོས་
སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུའི་གྲོས་འགོ་བཏོན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་28ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་སོ་བརྒྱད་པ་གཙོ་སྐྱོང་གནང་སྟེ་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཡུས་ཀྲེང་ཧྲེང་གིས་2016ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་འགོ་ཚུགས་པའི་ལོ་ཡིན་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་སང་ལོའི་ལས་དོན་གྱི་གཙོ་གནད་ནི་གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ལྟེ་བར་དམིགས་པ་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལ་གཞིགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་འགན་ནུས་ལེགས་པར་བསྒྲུབས་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུའི་འི་སྐོར་གྱི་ཆོད་དོན་》(འཆར་ཟིན་)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་སང་ལོའི་ཟླ་3ཚེས་3ཉིན་པེ་ཅིང་དུ་འཚོག་རྒྱུའི་གྲོས་འགོ་བཏོན་པ་དང་། 《ཆོད་དོན་》གྱི་འཆར་ཟིན་དེ་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་སྟེང་དུ་གྲོས་ཞིབ་གནང་བར་འབུལ་རྒྱུ་རེད།

  
2015-12-17