མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་བཏོན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་29ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་36ལ་མཚན་རྟགས་བཀོད་ནས་ཡོངས་བསྒྲགས་བྱས་པ་དང་བཅའ་ཁྲིམས་འདི་2016ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         དབང་ཆ་སྤྲད་པ་ལྟར་ཤིན་ཧྭ་གསར་འགྱུར་ཁང་གིས་བཅའ་ཁྲིམས་འདི་ཆ་ཚང་ཡོངས་བསྒྲགས་བྱས་ཤིང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་དེར་ཁྱོན་བསྡོམས་ལེའུ་བཅུ་དང་དོན་ཚན་97ཡོད་པ་དང་འཇིགས་སྐུལ་བྱ་སྤྱོད་ཀྱི་སྒྲིག་འཛུགས་དང་མི་སྣ་ངོས་འཛིན་གཏན་འཁེལ་དང་། བདེ་འཇགས་དོགས་ཟོན། གསང་འཕྲིན་ཆ་འཕྲིན། བརྟག་དཔྱད། ཁ་གཏད་གཅོག་པ་དང་ཐག་གཅོད་བྱ་ཐབས། རྒྱལ་སྤྱིའི་མཉམ་ལས། འགན་ལེན་བྱ་ཐབས། བཅའ་ཁྲིམས་འགན་འཁྲི་སོགས་ཀྱི་ཐད་གཏན་འབེབས་བྱས་ཡོད།
         རྒྱལ་ཁབ་འཇིགས་རྒོལ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་སྤྱི་བདེ་པུའི་འཇིགས་རྒོལ་ཅུས་ཀྱི་ཅུས་ཀྲང་ཨེན་ཝུའེ་ཤིང་གིས“ཀྲུང་གོ་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་དང་ལམ་ལུགས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་བྱེད་ཀྱི་ཡོད”ཅེས་དང་ད་ཡོད་ཀྱི་བཅའ་ཁྲིམས་གཏན་འབེབས་ཀྱི་རྨང་གཞིའི་ཐོག་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཆེད་མངགས་བཅའ་ཁྲིམས་གཅིག་བཟོས་པ་དེ་ནི་དེང་སྐབས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཡིན་ལ་རང་རྒྱལ་གྱི་རྒྱལ་སྤྱིའི་འགན་འཁྲི་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
         བཅའ་ཁྲིམས་འདིའི་ནང་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་རྣམ་པ་མཐའ་དག་ལ་ངོ་རྒོལ་བྱེད་པ་དང་། འཇིགས་སྐུལ་བྱེད་སྤྱོད་ཀྱི་སྒྲིག་འཛུགས་ཁྲིམས་ལྟར་མེད་པར་བཟོ་པ། སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་འཇིགས་སྐུལ་བྱེད་སྤྱོད་ཀྱི་ངན་ཇུས་འདིང་བ་དང་། ལག་བསྟར་སྟ་གོན་བྱེད་པ། ལག་བསྟར་བྱེད་པ་དང་། འཇིཌ་སྐུལ་རིང་ལུགས་འུད་སྒྲོག་བྱེད་པ། འཇིགས་སྐུལ་བྱེད་སྤྱོད་ངན་སློང་དང་ལག་བསྟར་བྱེད་པ། འཇིགས་སྐུལ་གྱི་བྱེད་སྤྱོད་རྩ་འཛུགས་སྒྲིག་འཛུགས་དང་འགོ་ཁྲིད། དེའི་ནང་ཞུགས་པ་བཅས་བྱེད་པ། འཇིགས་སྐུལ་གྱི་བྱེད་སྤྱོད་ལ་རོགས་རམ་བྱེད་མཁན་བཅས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད།
          རྒྱལ་ཁབ་ཀྱིས་འཇིགས་སྐུལ་གྱི་བྱེད་སྤྱོད་ཀྱི་སྒྲིག་འཛུགས་དང་མི་སྣར་འོས་མེད་བསྟུན་ཐབས་མི་བྱེད་པ་དང་འཇིགས་སྐུལ་བྱེད་སྤྱོད་ཀྱི་མི་སྣ་གང་འདྲ་ཞིག་ཡིན་རུང་འགེབས་སྲུང་བྱེད་པའམ་ཡང་ན་སྐྱབས་བཅོལ་གྱི་གནས་བབ་མཁོ་འདོན་མི་བྱ་བ་གསལ་པོར་བཏོན་ཡོད།
         བཅའ་ཁྲིམས་ནང་འཇིགས་སྐུལ་རིང་ལུགས་ལ་མིང་འགྲེལ་གསལ་པོ་བྱས་པ་སྟེ། “གཏུམ་སྤྱོད་དང་། གཏོར་བཤིག འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ལ་འཇིགས་དངངས་བཟོ་བ་དང་། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བ། མི་ལུས་རྒྱུ་ནོར་ལ་བཙན་གནོད་གཏོང་བ་བཅས་སམ་ཡང་ན་རྒྱལ་ཁབ་ལས་ཁུངས་དང་རྒྱལ་སྤྱིའི་རྩ་འཛུགས་ལ་བཙན་སྐུལ་བྱས་ཏེ་དེའི་ཆབ་སྲིད་དང་འདུ་ཤེས་འཛིན་སྟངས་སོགས་ཀྱི་དམིགས་ཡུལ་གྱི་འདོད་ཚུལ་དང་བྱ་སྤྱོད་མངོན་འགྱུར་བྱེད་པ་དེ་རེད”
        བཅའ་ཁྲིམས་འདིའི་ནང་། རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་ནང་བཅུག་ནས་ཕྱོགས་བསྡུས་ཇུས་འདོན་དང་རྩ་ལག་མཉམ་བཅོས་བྱས་ནས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་དང་། དཔལ་འབྱོར། བཅའ་ཁྲིམས། རིག་གནས། སློབ་གསོ། ཕྱི་འབྲེལ། དམག་དོན་སོགས་བྱ་ཐབས་སྤྱད་ནས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྤེལ་དགོས་ཞེས་གཏན་འབེབས་བྱས་ཡོད།
         བཅའ་ཁྲིམས་འདིའི་ནང་། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལས་དོན་དེ་ཁྲིམས་ལྟར་བསྒྲུབས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པ་དང་སྤྱི་དམངས་དང་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལས་དོན་ནང་སྤྱི་དམངས་ཀྱི་ཆོས་དད་རང་མོས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ལ་བརྩི་འཇོག་བྱེད་པ་ལས་ས་ཁོངས་དང་། མི་རིགས། ཆོས་ལུགས་སོགས་ཀྱིས་རྒྱུ་མཚན་དུ་བྱས་ནས་མཐོང་ཆུང་རང་བཞིན་གྱི་བྱེད་སྟངས་གང་ཞིག་ཡིན་རུང་བཀག་འགོག་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད།
          བཅའ་ཁྲིམས་འདིར་གཞིགས་ན། རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་འགོ་ཁྲིད་སྒྲིག་གཞི་བཙུགས་ནས་རྒྱལ་ཡོངས་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་དང་བཀོད་འདོམས་བྱ་རྒྱུ་རེད། ཚན་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཚང་མར་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་དང་མཐུན་སྦྱོར་བྱས་ནས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྤེལ་རྒྱུའི་འོས་འགན་ཡོད་པས་འཇིགས་སྐུལ་བྱེད་སྤྱོད་ཀྱི་དོགས་པའམ་ཡང་ན་འཇིགས་སྐུལ་བྱེད་སྤྱོད་ཀྱི་དོགས་པ་ཡོད་མཁན་ཤེས་ཚེ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དགོས།
         ཨན་ཝུའེ་ཤིང་གིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་བཏོན་པས་རང་རྒྱལ་གྱིས་དྲག་གཏུམ་འཇིགས་སྐུལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས། མི་དམངས་ཀྱི་ལུས་སྲོག་རྒྱུ་ནོར་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པ་དང་དེ་བཞིན་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་བཅའ་ཁྲིམས་ཀྱི་འདེགས་སྐྱོར་དང་འགན་ལེན་དེ་བས་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།

  
2015-12-17