མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་
ཡིག་ཆ་བཏོན་ནས་རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་བྱ་དགའ་དཔྱད་
བསྡུར་གྱི་ལམ་ལུགས་ཚད་ལྡན་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་30ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི་《རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་བྱ་དགའ་དཔྱད་བསྡུར་གྱི་ལམ་ལུགས་སྒྱུར་བཅོས་སྐོར་གྱི་བསམ་འཆར་》ཡོངས་བསྒྲགས་བྱས་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ལག་བསྟར་བྱས་ཏེ་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ཏེ་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་གསར་རྩོམ་དངཐོན་སྐྱེད། ཁྱབ་སྤེལ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
         བསམ་འཆར་ནང་བསྟན་དོན་ཚན་རིག་དང་ལུགས་མཐུན་གྱི་གདེང་འཇོག་ཚད་གཞི་འཐུས་ཚང་དུ་གཏོང་བར་བསམ་བློ་གཏིང་ཟབ་དང་། སྒྱུ་རྩལ་རྩེར་སོན། གསར་རྩོམ་སྤུས་ལེགས་བཅས་ཀྱི་ཚད་གཞིར་གཞིགས་ནས་བརྩམས་ཆོས་ལ་གདེང་འཇོག་བྱས་ཏེ་མང་ཚོགས་ཀྱི་གདེང་འཇོག་དང་རིགས་གཅིག་མཁས་པའི་དཔྱད་གླེང་། ཞུགས་ཚད་དང་། བལྟ་ཚད། ཉན་ཚད། དྲ་ཐོག་ནས་ལྟ་ཚད། འགྲེམས་སྤེལ་བྱེད་ཚད་སོགས་གཅིག་གྱུར་ཡོང་བ་བྱས་ནས་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་དེ་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས་རིག་རྩལ་བརྩམས་ཆོས་ཀྱི་ཕྱོགས་བསྡུས་སྤུས་ཚད་མཚོན་པའི་གདེང་འཇོག་མ་ལག་འཛུགས་དགོས་པ། སྤྱོད་རྩལ་གཉིས་ལྡན་གྱི་བླང་བྱ་ལྟར་སྤྱི་ཚོགས་ཀྱི་མཚན་སྙན་དང་སྒྱུ་རྩལ་གྱི་གྲུབ་འབྲས་དེ་དཔྱད་བསྡུར་ནང་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས་འཚོ་བའི་ཁྲོད་གཏིང་ཟབ་ཏུ་བསྐྱོད་པ་དང་མི་དམངས་ཁྲོད་གཞི་ཚུགས་པའི་རིག་རྩལ་ལས་དོན་པར་ཕྱོགས་ནས་བྱས་ཉེས་ཡོད་པའི་ལས་གཉེར་མི་སྣ་དང་དེ་བཞིན་དེའི་བརྩམས་ཆོས་དཔྱད་བསྡུར་ནང་ཞུགས་རྒྱུ་གཏན་འགོག་བྱེད་དགོས།
         བསམ་འཆར་ནང་བསྟན་དོན། རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་བྱ་དགའ་དཔྱད་བསྡུར་གྱི་བྱ་དགའི་རྣམ་གྲངས་དང་གྲངས་འབོར་ཉུང་དུ་གཏོང་དགོས་ལ་རྒྱུན་བཙུགས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་བྱ་དགའ་དཔྱད་བསྡུར་གྱི་རྣམ་གྲངས20ནས་རྣམ་གྲངས19སོར་ཉར་བྱས་ནས་ཡན་ལག་རྣམ་གྲངས་དང་བྱ་དགའ་སྤྲོད་པའི་གྲངས་ཚད་ཉུང་དུ་ཆེས་ཆེར་བཏང་སྟེ་སྤུས་ཚད་གོང་མཐོར་ཤུགས་ཆེན་གཏོང་དགོས། ཆོག་མཆན་སྤྲད་ཟིན་པའི་དུས་ཆེན་དང་རྟེན་འབྲེལ་མཛད་སྒོའི་ཁྲོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ལས་བརྒལ་བའམ་རྒྱལ་མཚམས་ལས་བརྒལ་བའི་རིགས་ཁག་གི་རིག་རྩལ་བྱ་དགའ་དཔྱད་བསྡུར་བྱེད་པར་གཙང་བཟོ་དང་ཉུང་གཏོང་བྱེད་དགོས་ལ་རྣམ་གྲངས་32ནས་རྣམ་གྲངས་4བར་ཉུང་དུ་གཏོང་དགོས། ཕྱིན་ཆད་སྤྱི་འབོར་ཚོད་འཛིན་དང་སྤྱིར་བཏང་ནས་གསར་སྣོན་མི་རྒྱག་རྒྱུ།
         བསམ་འཆར་ནང་བླང་བྱ་བསྟན་དོན། སྤྱི་ཚོགས་ཀྱི་རྩ་འཛུགས་དང་། སློབ་གྲྭ ཞིབ་འཇུག་སྒྲིག་གཞི། ཚགས་པར་དང་དུས་དེབ། དཔེ་སྐྲུན་ཚན་པ་དང་དྲ་ཚིགས་སོགས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གཏན་འབེབས་ཀྱི་གོ་རིམ་ལྟར་ཆོག་མཆན་ཐོབ་མེད་ཚེ་རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་གྱི་བྱ་དགའ་སྤྲོད་པའི་དཔྱད་བསྡུར་བྱེད་མི་ཆོག དེ་མིན་རིགས་ཁག་གི་ཁེ་ལས་ཀྱིས་རིགས་ཁག་གི་མིང་ཐོག་ནས་རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་བྱ་དགའ་དཔྱད་བསྡུར་བྱེད་མི་ཆོག
         བསམ་འཆར་ནང་ནན་བཤད་བྱེད་དོན། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་བསམ་འཆར་གང་ལེགས་ཉན་ཏེ་བྱ་དགའ་དཔྱད་བསྡུར་གྱི་སྒྲིག་སྲོལ་དང་འབྲས་བུ་དེ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱེད་དགོས། གསར་འགྱུར་སྨྱན་སྦྱོར་གྱིས་རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་བྱ་དགའ་དཔྱད་བསྡུར་སྒྲིག་འགལ་གྱི་ཐོག་ནས་གཉེར་བ་དང་དེ་བཞིན་དཔྱད་བསྡུར་ཁྲོད་ཀྱི་ཚུལ་མིན་སྤྱོད་ཚུལ་འཕྲལ་དུ་ཡོངས་བསྒྲགས་བྱེད་པ་དང་སྐྱོན་བརྗོད་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་ལ་བྱ་དགའ་དཔྱད་བསྡུར་སྤེལ་ཚུལ་དུས་གཏན་ངང་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་དགོས་པ་དང་། གཏན་འབེབས་དང་མི་འཚམ་པར་བརྡ་ཁྱབ་གཏོང་རྒྱུ་དང་དག་ཐེར་བྱ་རྒྱུའི་བཀའ་གཏོང་དགོས།

  
2015-12-17