མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་
བཅུ་གཉིས་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་28ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚེས་26ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་གཉིས་པ་གཙོ་སྐྱོང་གནང་སྟེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་ཇུས་གཞི་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་འཆར་གཞི། ནགས་ཚལ་སྣོད་བཅུད་བདེ་འཇགས་ལས་དོན་བཅས་ལ་ཞིབ་འཇུག་གནང་བ་རེད། ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་རྩ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་མི་དམངས་གཙོ་བོར་བྱས་པའི་འཕེལ་རྒྱས་བསམ་ཕྱོགས་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་ཡིན། སྤྱིའི་དགོས་མཁོ་ཆེ་རུ་འོས་འཚམ་གཏོང་བ་དང་ཆབས་ཅིག་ཐོན་ནུས་གཅོག་པ་དང་། མཛོད་ཉར་འཕྲི་བ། འདེགས་ཤིང་མེད་པ་བཟོ་བ། མ་གནས་དམའ་རུ་གཏོང་བ། ཞན་ཆ་གསབ་པ་བཅས་བྱ་དགོས། ཐོན་སྐྱེད་ཁྱབ་ཁོངས་ནས་སྤུས་ལེགས་ཀྱི་མཁོ་སྤྲོད་མང་དུ་གཏོང་བ་དང་། ཕན་མེད་ཀྱི་མཁོ་སྤྲོད་ཉུང་དུ་གཏོང་བ། ནུས་ལྡན་གྱི་མཁོ་སྤྲོད་ཆེ་རུ་གཏོང་བ། མཁོ་སྤྲོད་ཀྱི་གྲུབ་ཆའི་རང་བཞིན་གྱི་འཚམ་མཐུན་རང་བཞིན་དང་སྟབས་བསྟུན་རང་བཞིན་ཆེ་རུ་གཏོང་བ། གནད་ཆེའི་རྒྱུ་རྐྱེན་ཚང་མའི་ཐོན་སྐྱེད་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་མཁོ་སྤྲོད་ཀྱི་མ་ལག་དེ་དགོས་མཁོའི་གྲུབ་ཆར་འགྱུར་བ་དང་དེ་བས་ཀྱང་འཚམ་མཐུན་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་བཅས་ཡིན་པའི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་བཅས་ཡིན་པའི་ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་པ་རེད།
         ཚོགས་འདུའི་ཐོག་ཐོན་ནུས་གཅོག་པ་དང་། མཛོད་ཉར་འཕྲི་བ། འདེགས་ཤིང་མེད་པ་བཟོ་བ། མ་གནས་དམའ་རུ་གཏོང་བ། ཞན་ཆ་གསབ་པ་བཅས་ཀྱི་ལས་དོན་ཇུས་གཞི་དང་བསམ་ཕྱོགས་8སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། མི་དམངས་དངུལ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱི་སྙན་ཞུ་གསན་པ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ཀྱི་འཆར་གཞི་དང་རྩ་གནད་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གསན་པ། ནགས་ཚལ་སྣོད་བཅུད་བདེ་འཇགས་གནད་དོན་སྐོར་གྱི་རྒྱལ་ཁབ་ནགས་ལས་ཅུས་ཀྱི་སྙན་ཞུ་གསན་ཞིང་། འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིས་ད་དུང་དེའི་ཐད་གྲོས་བསྡུར་ཡང་གནང་བ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཇུས་གཞི་ཡག་པོ་ཞིག་བཟོ་རྒྱུ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཡག་པོ་བྱ་རྒྱུའི་རྨང་གཞི་ཡིན། བསམ་བློའི་ངོས་འཛིན་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། ཐོན་ནུས་གཅོག་པ་དང་། མཛོད་ཉར་འཕྲི་བ། འདེགས་ཤིང་མེད་པ་བཟོ་བ། མ་གནས་དམའ་རུ་གཏོང་བ། ཞན་ཆ་གསབ་པ་བཅས་ནི་ལས་ཀའི་གཙོ་གནད་ཡིན། དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་འགོ་འཛུགས་རྒྱུ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་འགོ་འཛུགས་རྒྱུ་དང་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན། དེས་ན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཡིད་ཆེས་བརྟན་དུ་གཏོང་བ་དང་། བྱ་སྤྱོད་མཐའ་གཅིག་ཏུ་སྤེལ་བ། དམ་འཛིན་ནན་པོ་དང་། དམ་འཛིན་ཡག་པོ་བྱེད་པ། དམ་འཛིན་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས་དངོས་ཕན་ཐོབ་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ལས་དོན་ཇུས་གཞི་ལེགས་པར་འགོད་དགོས་ཞེས་ནན་བཤད་གནང་བ་སྟེ། གཅིག་ནས་གནས་ཚུལ་གསལ་རྟོགས་བྱེད་དགོས་ཤིང་། ད་ལྟའི་གནས་ཚུལ་གང་འདྲ་ཡིན་པ་གསལ་པོ་ཤེས་པར་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། རྨང་གཞིའི་གཞི་གྲངས་ཚོད་རྩིས་ཡག་པོ་བྱེད་པ། གནད་དོན་ཆུང་རིགས་ཡིན་རུང་དབྱེ་ཞིབ་བྱེད་མཁས་པོ་བྱེད་པ། གནས་ཚུལ་དངོས་འཕྱུགས་པ་མེད་པར་གསལ་རྟོགས་བྱེད་པ་བཅས་བྱས་ནས་སེམས་ནང་གདེང་ཚོད་ཡོད་པ་དང་འབེན་ཡོད་སར་མདའ་ཕོག་པར་བྱེད་དགོས་པ་དང་། གཉིས་ནས་དམིགས་ཡུལ་གསལ་པོ་བཟོ་དགོས་ཤིང་། ཁ་ཕྱོགས་དང་དམིགས་ཡུལ་གང་ཞིག་ཡིན་པ་གསལ་པོ་ཤེས་པ་དང་། བྱེད་ཐབས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་དོན་དེ་རང་ལ་དམིགས་ནས་ཤོད་པ་དང་མགོ་མཇུག་གོ་ལྡོག་གི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པ། གསུམ་ནས་ལས་འགན་ཞིབ་ཅིང་ཕྲ་བ་བཟོ་དགོས་ཤིང་། ཡང་སྙིང་གང་ཞིག་བྱེད་དགོས་པ་གསལ་པོ་ཤེས་པ་དང་། གཏན་འཁེལ་བྱས་པའི་ལས་འགན་ཞིབ་ཅིང་ཕྲ་བ་དང་བཀོལ་སྤྱོད་ཐུབ་པ་ཞིག་ཡོང་བ་བྱེད་དགོས་པ། བཞི་ནས་འགན་འཁྲི་དོན་འཁྱོལ་བྱེད་དགོས་ཤིང་། སུ་ཡིས་བྱེད་དགོས་པ་གསལ་པོ་ཤེས་པར་བྱས་ནས་ལྟ་སྐུལ་དང་། ཞིབ་བཤེར། འགན་འཁྲི་རྩད་གཅོད་ཐུབ་པར་བཅས་བྱེད་དགོས་པ། ལྔ་ནས་བྱེད་ཐབས་ནུས་ལྡན་དགོས་ཤིང་། གང་འདྲ་བྱེད་དགོས་པ་དང་སྲིད་ཇུས་བྱེད་ཐབས་གང་ལ་བརྟེན་ནས་བྱེད་དགོས་པ་གསལ་པོ་ཤེས་པར་བྱེད་དགོས་པ། སྲིད་ཇུས་བྱེད་ཐབས་དག་དོན་དངོས་དང་མཐུན་པ་དང་། སྤྱོད་གོ་ཆོད་པ། བཀོལ་སྤྱོད་ཐུབ་པ་བཅས་ཡོང་བ་བྱས་ནས་ས་གནས་དང་འབྲེལ་ཡོད་སྡེ་ཚན་ལ་གང་འདྲ་བྱེད་དགོས་པ་ཤེས་སུ་འཇུག་དགོས་པ་བཅས་རེད།
         ཞིས་ཅིན་ཕིང་གིས་འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་ཆུ་མོ་ལྟ་བུ་ཡིན། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ན་བསམ་གཞི་སྔོན་ཐོན་ཞིག་དགོས་ཤིང་། སྣོད་བཅུད་སྔོན་ལ་སྲུང་སྐྱོང་བྱ་རྒྱུ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་དམིགས་སུ་བཀར་བའི་གནས་བབ་ཐོག་འཇོག་དགོས་པ། འབྲི་ཆུ་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་བྱེད་སྒོ་ཚང་མ་སྣོད་བཅུད་ལ་གཏོར་བཤིག་མི་ཕོག་པ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤེལ་དགོས་པ་མ་ཟད། ད་དུང་ཆེ་རིགས་བཟུང་ནས་སྲུང་སྐྱོང་བྱེད་པ་ལས་གསར་སྤེལ་ཆེན་པོ་བྱེད་མི་རུང་། བསམ་ཕྱོགས་གསལ་པོ་ཞིག་དགོས་ཤིང་། ཚོད་འཛིན་ནན་པོ་བྱེད་པའི་ལམ་ལུགས་བཟོས་ཏེ་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་ཇེ་ཡག་ཏུ་གཏོང་བ་ལས་ཇེ་ངན་དུ་མི་འགྲོ་བ་བྱེད་དགོས། གནད་ཆེའི་རྒྱུ་རྐྱེན་ས་ཁོངས་དབར་དུ་རྒྱུན་འཁོར་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་ཤུགས་དང་། ཁྱོན་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་འགྲོ་བ་བྱས་ནས་གནད་ཆེའི་རྒྱུ་རྐྱེན་བཀོད་སྒྲིག་བྱེད་ནུས་ཆེ་རུ་གཏོང་དགོས། འབྲི་ཆུའི་ཆུ་ལམ་ཨ་མའི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། ཐོན་ལས་འཕེལ་རྒྱས་ཐད་ལྗང་མདོག་རྒྱུན་འཁོར་དང་ཐཱན་ཉུང་འཕེལ་རྒྱས་ཀྱི་བླང་བྱ་མཚོན་པར་བྱེད་དགོས། སྐུལ་འདེད་ནུས་ལྡན་དགོས་ཤིང་། ངེས་པར་དུ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་འདོམས་འཆར་འགོད་བྱེད་པ། ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ནགས་ཚལ་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་དང་འབྲེལ་བ་ཡོད་པ་ཞིག་ཡིན། དེས་ན་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། གཙོ་གནད་ནགས་ལས་ལས་གྲྭ་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོའི་ལས་དོན་སྤེལ་དགོས། ནགས་ཚལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས་ཤིང་། སྔོན་དུ་སྲུང་སྐྱོང་དང་རང་ཤུགས་སླར་གསོ་གཉིས་གཙོ་བོར་བཟུང་རྒྱུ་མཐའ་འཁྱོངས་དང་། གྲངས་འབོར་དང་སྤུས་ཚད་གལ་ཆེ་མཉམ་འཇོག་དང་སྤུས་ཚད་སྔོན་སྤེལ་མཐའ་འཁྱོངས། རི་རྒྱ་བསྡམས་ནས་ནགས་ཚལ་གསོ་རྒྱུ་དང་མི་ཐབས་ལ་བརྟེན་ནས་ནགས་ཚལ་གསོ་རྒྱུ་གཉིས་མཉམ་སྤེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། རང་བྱུང་ནགས་ཚལ་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། རྒྱ་སྡོམ་འཕྲོད་པར་རྒྱ་སྡོམ་དང་། ནགས་བཟོ་འཕྲོད་སར་ནགས་བཟོ། ནགས་ལས་འཕྲོད་སར་ནགས་ལས། ཆུ་འདྲེན་འཕྲོད་སར་ཆུ་འདྲེན། རྩྭ་འདེབས་འཕྲོད་སར་རྩྭ་འདེབས་བཅས་བྱེད་དགོས་པ་དང་། ནགས་ཚལ་སྤུས་ཚད་གནད་སྨིན་མཐོར་གཏོང་ལས་གྲྭ་ལག་བསྟར་བྱེད་དགོས། ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་གྲོང་ཁྱེར་ནང་ཁུལ་དུ་སྔོ་ལྗང་ཅན་གྱི་ལས་དོན་ཡག་པོ་སྤེལ་ནས་གྲོང་ཁྱེར་གྱི་སྔོ་ལྗང་འཕྲོད་པའི་ས་གནས་ཚང་མ་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་དགོས། གྲོང་ཁྱེར་མཐའ་འཁོར་སྔོ་ལྗང་ཅན་དུ་འགྱུར་བའི་ལས་དོན་ཡག་པོ་སྤེལ་ཏེ་རྨོ་འདེབས་མི་འཕྲོད་པའི་ས་ཆ་ཚང་མར་ཤིང་འཛུགས་ནགས་བཟོ་བྱེད་དགོས། གྲོང་ཁྱེར་ཚོགས་ཀྱི་སྔོ་ལྗང་ཅན་དུ་འགྱུར་བའི་ལས་དོན་ཡག་པོ་སྤེལ་ནས་གྲོང་ཁྱེར་དབར་གྱི་སྣོད་བཅུད་བར་ཁམས་ཆེ་རུ་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ་རང་བྱུང་སྣོད་བཅུད་མ་ལག་གི་ཐོག་གདོད་རང་བཞིན་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོང་བྱས་ནས་མི་རབས་རྗེས་མར་རང་བྱུང་ཤུལ་བཞག་ཁག་གཅིག་འཇོག་དགོས། རྒྱལ་ཁབ་སྤྱི་གླིང་བསྡུ་སྒྲིལ་གྱིས་བཙུགས་ཏེ་རྩ་ཆེ་ལ་སྟོངས་ཉེའི་སྲོག་ཆགས་སྔར་བས་སྲུང་སྐྱོང་ཡག་པོ་བྱེད་དགོས། རྒྱལ་ཁབ་བར་སྟོང་གསར་སྤེལ་སྲུང་སྐྱོང་གི་སྤྱི་ཡོངས་རང་བཞིན་གྱི་བཅའ་ཁྲིམས་ཞིབ་འཇུག་བྱས་ནས་བཟོ་དགོས་ལ་དེ་བས་དམིགས་བསལ་རང་བཞིན་ལྡན་པའི་སྒོ་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བའམ་ཡང་ན་བཟོ་བཅོས་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད།