མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་29ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་ཕྱོགས་གཉིས་པོའི་འབད་བརྩོན་ལ་བརྟེན་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་འཕེལ་རིམ་གལ་ཆེན་བྱུང་ཡོད། ངས་ཙུང་ཐུང་ཨོ་པ་མའི་གདན་ཞུས་ལྟར་ཨ་རིར་གྲུབ་འབྲས་ལྡན་པའི་རྒྱལ་དོན་འཚམས་འདྲི་བྱས་ནས་ཕྱོགས་གཉིས་ཀས་ཀྲུང་ཨའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་མུ་མཐུད་འཛུགས་སྤེལ་བྱ་རྒྱུར་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་ཡོད། སྤྱི་ཡོངས་ནས་བལྟས་ཚེ། ཚོང་དོན་དང་། དམག་གཉིས་དབར། སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས། དྲ་རྒྱའི་བདེ་འཇགས་སོགས་ཁྱབ་ཁོངས་སམ་ཡང་ན་གནམ་གཤིས་འགྱུར་ལྡོག་དང་དབྱི་རན་གྱི་ཉིང་རྡུལ་སོགས་རྒྱལ་སྤྱིའི་ས་ཁུལ་དང་གོ་ལའི་གནད་དོན་ཐད་ཀྲུང་ཨ་གཉིས་པོས་མཐུན་སྦྱོར་མཉམ་ལས་བྱས་པར་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས།
         ཞིས་ཅིན་ཕིང་གིས་ཀྲུང་ཨའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་ནི་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀའི་ཁེ་ཕན་དང་མཐུན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འདུན་པ་ཞིག་ཀྱང་ཡིན་པས་ཕྱོགས་གཉིས་ཀས་ངེས་པར་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཀྱི་ཡོད། ངས་ཙུང་ཐུང་ཨོ་པ་མ་དང་མཉམ་དུ་ཀུན་གྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་འབྲེལ་ལམ་ཟབ་མོ་རྒྱུན་འཁྱོངས་བྱ་འདོད་ཡོད། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་བྱས་ཏེ་གྲོས་མོལ་བྱས་ནས་གཏན་ལ་ཕབ་པའི་མཉམ་ལས་ཀྱི་གྲོས་རིམ་ལ་མུ་མཐུད་སྐུལ་སྤེལ་གྱིས་རྒྱལ་སྤྱིའི་ས་ཁུལ་དང་གོ་ལའི་གནད་དོན་གལ་ཆེན་ཐད་འབྲེལ་ལམ་མཐུན་སྦྱོར་རྒྱུན་སྲིང་ཐུབ་པ་བྱས་ནས་དཀའ་རྙོག་མང་པོ་ཐག་གཅོད་འོས་འཚམ་ཡོང་བར་སྐུལ་མ་གཏོང་དགོས་ཞེས་གསུངས།
         ཞིས་ཅིན་ཕིང་གིས་ངས་ཀྲུང་ཨའི་མཉམ་ལས་བྱ་བར་ཤུགས་སྣོན་བརྒྱབ་ན་འཛམ་བུ་གླིང་ལ་ཕན་པའི་དོན་ཆེན་བསྒྲུབ་ཐུབ་རྒྱུ་ཡིན་ཞེས་ཐེངས་མང་བཤད་མྱོང་། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་ངེས་པར་དུ་དོན་འཁྱོལ་བྱས་ཏེ་གདོང་ཐུག་མི་ཡོང་བ་དང་། ཁ་གཏད་དུ་མི་ལངས་པ། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཕན་ཡོང་བའི་རྩ་དོན་མཐའ་འཁྱོངས་ཐོག་ཕྱོགས་གཉིས་ཀ་དང་། ས་ཁུལ། གོ་ལ་བཅས་བང་རིམ་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་སྤེལ་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་འཕེལ་རྒྱས་གསར་པ་སྔར་ལས་ལྷག་པ་ཡོང་བར་སྐུལ་མ་གཏོང་དགོས་ཞེས་གསུངས།
         ཁེ་ལིས་ཨ་རི་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་གལ་འགངས་ཆེན་པོ་ཡིན། ཕྱོགས་གཉིས་པོས་འབྲེལ་ལམ་མཐུན་སྦྱོར་ནུས་ལྡན་ཡོང་བར་བྱས་པས་གནམ་གཤིས་འགྱུར་ལྡོག་སྐོར་གྱི་《ཕ་རི་སིའི་གྲོས་མཐུན་》དང་དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་སོགས་འཇོག་པར་སྐུལ་འདེད་གཏོང་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད། ཙུང་ཐུང་ཨོ་པ་མས་ཀྲུའུ་ཞི་སྐུ་ཉིད་དང་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་ཀྱིས་ཨ་ཀྲུང་ཕྱོགས་གཉིས་ཀྱི་འབྲེལ་བར་མུ་མཐུད་སྐུལ་མ་བཏང་སྟེ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་གཞོལ་རྒྱུ་ཡིན་ཞེས་གསུངས་པ་རེད།