མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་བཟའ་བཅའི་བདེ་འཇགས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་30ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཉེ་སྔོན་བཟའ་བཅའི་བདེ་འཇགས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་བཟའ་བཅའི་བདེ་འཇགས་ནི་དམངས་འཚོའི་འདུ་འགོད་དང་དམངས་སེམས་འདུ་འགོད་ཅིག་ཡིན་པས་དེ་ནི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འདོར་ཐབས་མེད་པའི་འགན་འཁྲི་ཡིན། ད་ཕན་ལོ་ཤས་རིང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་དོན་འབོར་ཆེན་བསྒྲུབས་པར་བརྟེན་ཕན་འབྲས་ཆེན་པོ་ཐོབ་ཡོད། མིག་སྔར་རང་རྒྱལ་གྱི་བཟའ་བཅའི་བདེ་འཇགས་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པ་དང་མི་དམངས་མང་ཚོགས་ཀྱིས་བཟའ་བཅའ་གཙང་མ་དང་ལུས་པོར་འཕྲོད་པའི་བཟའ་བཅའ་ཟ་རྒྱུ་ཡོང་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། 2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོ་ཞིག་ཡིན་པས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཏང་སྲིད་ཀྱིས་མཉམ་དུ་འགན་འཁུར་བ་དང་། རྩ་ལག་མཉམ་བཅོས་མཐའ་འཁྱོངས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གཅིག་གྱུར་དབང་གྲགས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་ལམ་ལུགས་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ། “ནན་ཤོས་བཞི”ཡི་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས། བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ལ་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། འདས་ཟིན་པའི་ལོ་དེའི་ནང་རིམ་ཁག་བཟའ་བཅའ་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་དང་དེ་བཞིན་ཁོངས་མིའི་ཚན་པ་བཅས་ཀྱིས་འགན་འཁྲི་ནན་ཏན་བསྒྲུབས་ཏེ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ། བཟའ་བཅའ་རྫུས་མ་བཅོས་སྒྲིག་སོགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་པའི་གྲུབ་འབྲས་ལ་གདེང་འཇོག་བྱེད་དགོས་པ་ཞིག་ཡོད། བཟའ་བཅའི་བདེ་འཇགས་འགན་ལེན་ཐད་སྔར་བཞིན་དཀའ་ཚེགས་ཀྱི་ལས་འགན་འཕྲད་ཡོད་པས་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་མུ་མཐུད་འགག་སྒྲོལ་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་མི་དམངས་ཀྱི་ཁེ་ཕན་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བཟའ་བཅའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་འགོ་ཁྲིད་དང་ཕྱོགས་བསྡུས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཁྲིམས་སྐྱོང་གི་བསམ་བློར་བརྟེན་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བཟའ་བཅའི་བདེ་འཇགས་ཀྱི་འཐབ་ཇུས་ལག་བསྟར། ཀྲུང་དབྱང་དང་། ས་གནས། གཞི་རིམ་བཅས་བར་གྱི་དབང་གྲགས་ལྟ་སྐུལ་གྱི་དོ་དམ་མ་ལག་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ནན་པོ་བྱེད་པའི་ལམ་ལུགས་དོན་འཁྱོལ། ཞིང་ཁ་ནས་གསོལ་ལྕོག་བར་གྱི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐར་པར་མི་གཏོང་བར་མགྱོགས་ལ་མྱུར་བའི་སྒོ་ནས་རྡུང་རྡེག་བཏང་སྟེ་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲང་ཀའོ་ལིས་ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཚོགས་འདུའི་ཐོག་བཟའ་བཅའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་བྱས་པ་མ་ཟད། 2015ལོའི་བཟའ་བཅའི་བདེ་འཇགས་ལས་དོན་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་2016ལོའི་གཙོ་གནད་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།
ཀྲང་ཀའོ་ལིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་ཚད་གཞི་ནན་ཤོས་དང་། ལྟ་སྐུལ་དོ་དམ་ནན་ཤོས། ཆད་གཅོད་ནན་ཤོས། འགན་འཁྲི་བདའ་འདེད་ནན་ཤོས་བཅས“ནན་ཤོས་བཞིའི”བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས་པ་དང་། བཟའ་བཅའི་བདེ་འཇགས་བཅོས་སྒྲིག་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། “འགོག་སྲུང་དྲ་བ”ཚགས་ཚུད་བཟོ་བ་བཅས་བྱས་ཏེ་མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་བཟའ་བཅའི་བདེ་འཇགས་ཐད་ཉེན་ཁ་མི་ཐོན་པའི་མཐའ་ཚད་སྲུང་དགོས་པ་དང་། “ཞིང་ཁ་དང་མུ་ཁར”དམ་འཛིན་བྱས་ནས་ཞིང་སྨན་དང་ཕྱུགས་སྨན་འཕྲོ་ལུས་ཚད་བརྒལ་དང་། ས་རྒྱུར་ལྕགས་རིགས་ལྗིད་གྲས་ཀྱི་སྦགས་བཙོག་ཐོན་པ། ཁྲིམས་འགལ་ངང་སྦྱོར་རྟ་བྱེད་པ་སོགས་ཀྱི་གནད་དོན་ཕྱོགས་བསྡུས་བཅོས་སྒྲིག་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི་འགག་སྒོ་དང་པོ་ཡག་པོ་སྲུང་དགོས་པ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་ནན་པོ་དང་། ལྟ་སྐུལ་དོ་དམ་བྱེད་སྟངས་དང་བྱེད་ཐབས་གསར་གཏོད། གཙོ་གནད་ཐོན་རྫས་ཀྱི་ཁུངས་འདེད་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྲུབས་མེད་འབྲེལ་མཐུད་དང་ཁུག་ཆ་མི་ལུས་པ་བྱེད་དགོས་པ། གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་དམ་འཛིན་བྱས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་དང“སྦས་པའི་ལམ་སྲོལ”གནད་དོན་ལ་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་དགོས་པ། གཅིག་གྱུར་དབང་གྲགས་ཀྱི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་གྱི་དོ་དམ་སྒྲིག་སྲོལ་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ལྟ་སྐུལ་དོ་དམ་ལམ་ལུགས་ནན་པོ་བཟོས་ཏེ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་དང་རྒྱལ་སྤྱི་དང་འབྲེལ་མཐུད་ཐུབ་པའི་ཚད་གཞིའི་མ་ལག་འཛུགས་དགོས་པ། རྡུང་རྡེག་ཚ་ནན་གཏོང་བ་དང་ཁྲིམས་ལྟར་བཅོས་སྒྲིག་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་གཅོད་ནན་པོ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་འགལ་བའི་གཉའ་གཅོག་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
         ཀྲང་ཀའོ་ལིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་སྲིད་ཀྱིས་མཉམ་དུ་འགན་འཁུར་བ་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱས་ཏེ་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པའི་བླ་ན་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་བསྒྲུབ་ནས་རིམ་པ་བཞིན་དམ་འཛིན་དང་དོན་འཁྱོལ་བྱེད་དགོས་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་མ་ཁུར་བའི་རྐྱེན་གྱིས་བཟའ་བཅའི་བདེ་འཇགས་ཀྱི་ལས་འཛོལ་ཐོན་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་དུས་ཆེན་རིང་གི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།