མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཁོར་ཡུག་སྲུང་སྐྱོང་པུས་འདི་ལོར་བྱང་བུ་བཀལ་ནས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུའི་བཀའ་
རྒྱ་ཐོག་མར་བསྒྲགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་30ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར་སི་ཁྲོན་ཞིང་ཆེན་སོལ་སྣུམ་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཁེ་ལས་ལ་ཁོར་ཡུག་དང་འབྲེལ་བའི་ཁྲིམས་འགལ་གྱོད་གཞི་4ཐོན་པར་ཁོར་ཡུག་སྲུང་སྐྱོང་པུས་བྱང་བུ་བཀལ་ནས་བསྒྲུབ་རྒྱུར་བདའ་འདེད་བཏང་བ་རེད། ཁོར་ཡུག་སྲུང་སྐྱོང་པུས་ཁེ་ལས་བཞི་པོའི་སྦགས་བཙོག་འབུད་ཚད་ཚད་ལས་བརྒལ་བ་དང་། སྦགས་བཙོག་འགོག་བཅོས་སྒྲིག་ཆས་རྒྱུན་གཏན་བཞིན་མི་སྤྱོད་པ། ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ཆད་པ་བཅད་པའི་གཏན་འབེབས་ལག་ལེན་མི་བསྟར་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཁྲིམས་ལས་ཚབས་ཆེན་འགལ་བའི་དོགས་གཞི་ཡོད་པར་སྲིད་འཛིན་བཀག་ཉར་བྱེད་དགོས་རིགས་ཁྲིམས་བཞིན་སྤྱི་བདེ་ལས་ཁུངས་ལ་སྐྱེལ་དགོས་པའི་བླང་བྱ་བཏོན་པ་ནི། ཁོར་ཡུག་སྲུང་སྐྱོང་པུས་འདི་ལོར་བཏོན་པའི་ལྟ་སྐུལ་ཞིབ་བཤེར་གྱི་བཀའ་རྒྱ་ཐོག་མ་ཡིན་པ་རེད།
           2015ལོའི་ཟླ་6པར་ཝུའེ་ཡོན་རྫོང་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་སི་ཁྲོན་ཞིང་ཆེན་སོལ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིའི་རྣམ་གྲངས་ཁག་གཅིག་ལ་ཆོག་མཆན་མ་ཐོབ་པར་སྔོན་ལ་བསྐྲུན་པ་དང་སྦགས་བཙོག་འགོག་བཅོས་སྒྲིག་ཆས་རང་མཚམས་ངང་འཇོག་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་དངུལ་ཆད་སྒོར་ཁྲི་36བཅད་ཀྱང་ད་བར་འཇལ་མེད་པ་དང་།
           ཁྲེང་ཡུས་ཧྥན་ཐེ་ཚན་རྩལ་ཚད་ཡོད་ཀུང་སིའི་ཧྥན་རྒྱུ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་རྣམ་གྲངས་དེ་2013ལོར་སྤྱོད་འགོ་ཚུགས་ཀྱང་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ལས་མཇུག་འགྲིལ་བའི་རྩིས་ལེན་བྱས་མེད་པའི་ནང་ལོར་གཏེར་རྡོག་རིལ་ཏུན་ཁྲི་200ཐོན་སྐྱེད་སྒྲིག་ཆས་ལ་ཁོར་ཡུག་དཔྱད་བརྗོད་བླང་བྱ་བཞིན་མུ་ཟི་མེད་པའི་སྒྲིག་ཆས་བསྒར་མེད་པ་རེད།
          ནེ་ཅང་གྲོང་ཁྱེར་པོ་ཝུའེ་ཤིན་ཡུས་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སིས་ལོར་ཚིག་རོ་ཏུན་ཁྲི་100གྲོན་ཆུང་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་དེ་2013ལོར་སྤྱོད་འགོ་ཚུགས་ཀྱང་ད་བར་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ལས་མཇུག་འགྲིལ་བའི་རྩིས་ལེན་བྱས་མེད་པས་དུ་རྡུལ་འཆར་གཞི་མེད་པར་གཏོང་བ་དང་རྡོ་སོལ་སྲེག་ཐབ་ཀྱི་དུ་ཁུང་ནས་དུ་བ་ནག་འཕྱུར་རེར་ཐོན་གྱི་ཡོད།
         ལུང་ཁྲང་ནུས་རྒྱུ་གསར་པའི་བཟོ་ལས་གླིང་དུ་སྡོད་པའི་ཁེ་ལས་བདུན་ནས་ལྔ་ལ་ཆོག་མཆན་མེད་པར་སྔོན་ལ་བརྒྱབ་པ་དང་། འཛུགས་རྒྱུའི་ཆོག་མཆན་ལུགས་དང་མ་མཐུན་པ། ཚོད་ལྟ་ཡང་ཡང་བྱས་ཀྱང་རྩིས་ལེན་མི་ཐུབ་པ་སོགས་ཀྱི་ཁོར་ཡུག་དང་འབྲེལ་བའི་ཁྲིམས་འགལ་གནད་དོན་གནས་ཡོད།
         གོང་གསལ་གྱོད་གཞི་བཞི་པོར་དམིགས་ནས་ཁོར་ཡུག་སྲུང་སྐྱོང་པུའུ་ཡིས་སི་ཁྲོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་ལ་ས་གནས་མི་དམངས་སྲིད་གཞུང་གིས་ཁེ་ལས་བཞི་པོའི་ཁྲིམས་འགལ་སྒྲིག་འགལ་གྱི་འཛུགས་སྐྲུན་རྣམ་གྲངས་གཙང་བཤེར་ཐད་ལྕག་སྐུལ་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ། ས་གནས་ཁོར་ཡུག་སྡེ་ཚན་ལ་ཀུང་སི་དེའི་ཁྲིམས་འགལ་གྱི་ཁོར་ཡུག་བྱེད་སྤྱོད་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུ་དང་། ལག་ལེན་བསྟར་རྒྱུ། བཅོས་སྒྲིག་ལ་ལྟ་སྐུལ་བྱ་རྒྱུ་བཅས་གནད་སྨིན་ཐུབ་པ་བྱས་ཏེ་བཅོས་སྒྲིག་བྱེད་རིང་སྦགས་བཙོག་འབུད་ཚད་ཚད་ལས་བརྒལ་མི་ཆོག་པ་དང་། དུས་བཀག་ནང་ཆད་པ་བཅད་པ་མ་འཇལ་རིགས་ཁྲིམས་བཞིན་ཁྲིམས་ཁང་ལ་བཙན་ཐབས་བྱེད་དུ་འཇུག་རྒྱུ། ཁྲིམས་ལས་ཚབས་ཆེན་འགལ་བའི་དོགས་གཞི་ཡོད་པར་སྲིད་འཛིན་བཀག་ཉར་དགོས་རིགས་ཁྲིམས་བཞིན་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲད་རྒྱུའི་ལྕག་སྐུལ་བཏང་ཡོད། གོང་གསལ་ཁེ་ལས་བཞི་པོས་2016ལོའི་ཟླ་7པའི་ཟླ་མཇུག་གོང་བྱང་བུ་བཀལ་ནས་བསྒྲུབ་རྒྱུར་བདའ་འདེད་གཏོང་རྒྱུའི་དོན་གནད་ཁག་འགྲུབ་ཟིན་པ་བྱ་རྒྱུ་ཡིན་པ་རེད།