མི་དམངས་དྲ་བ།>>ཞིས་ཅིན་ཕིང་།

༄༅།།《ཞིས་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གཅེས་བཏུས་》ཞེས་པ་
པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་17ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་《ཞིས་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གཅེས་བཏུས་》ཞེས་པ་ཉེ་དུས་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གསར་གཏོད་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཐོག་བཞག་ནས་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་ཚན་རྩལ་ལ་བརྟེན་ནས་གསར་གཏོད་བྱ་རྒྱུར་སྐུལ་འདེད་མྱུར་པོ་གཏོང་རྒྱུ་ལྟེ་བར་བྱས་པའི་ཁྱོན་ཡོངས་གསར་གཏོད་ལ་དམིགས་ཏེ་བསམ་ཕྱོགས་གསར་པ་དང་། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ཡོད། རྣམ་བཤད་གལ་ཆེན་དེ་དག་སློབ་སྦྱོང་ལག་བསྟར་ནན་ཏན་བྱ་རྒྱུ་དེས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་དེར་ཁྲིད་སྟོན་བྱེད་པ་དང་། ཁྱོན་ཡོངས་གསར་གཏོད་ཁྲོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། གསར་གཏོད་དེ་སྣེ་ཁྲིད་དང་འདེགས་སྐྱོར་གཙོ་བོར་བྱས་པའི་དཔལ་འབྱོར་མ་ལག་དང་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་ཆགས་པ་བྱེད་པ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ་བཅས་ཀྱི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད།