མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་
སུམ་ཅུ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་01ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་29ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་གཙོ་བོའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་སུམ་ཅུ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་འཕེལ་རྒྱས་འཐབ་ཇུས་ཀྱི་གཙོ་གནད་ནི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི“གཙོ་གནད”དང“འགག་རྩ”རེད། འཐབ་ཇུས་ཀྱི་གཙོ་བོ་དམ་འཛིན་འཕྱུགས་མེད་དང་། དམ་འཛིན་ནན་པོ། དམ་འཛིན་ཡག་པོ་བཅས་བྱ་རྒྱུ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་རྒྱུ་འགན་ལེན་བྱེད་པའི་འགག་རྩ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུར་འགན་ལེན་བྱེད་པའི་འགག་རྩ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་གཙོ་གནད་སྟངས་འཛིན་ཡང་དག་བྱས་ནས་གདེང་ཚོད་ཡོད་པ་དང་། དོན་འཁྱོལ་བྱེད་ཐབས་ཡོད་པ། བྱ་སྤྱོད་སྤེལ་ཐབས་ཡོད་པ་བཅས་བྱེད་ཐུབ་པ་བྱས་ནས་འབད་འབུངས་ཡར་བརྩོན་གྱི་བསམ་བློའི་འཁྱེར་ཕྱོགས་དང་། འགག་སྒྲོལ་དཀའ་སེལ་གྱི་འབད་འཐབ་བློ་སྟོབས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཆེན་པོ་བཅས་ལ་བརྟེན་ནས་འཕེལ་རྒྱས་འཐབ་ཇུས་ཀྱི་གཙོ་གནད་དམ་འཛིན་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྣེ་ཁྲིད་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་ཀྱི་བརྗིད་ཆེའི་དམིགས་ཚད་རེ་རེ་བཞིན་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ད་ཐེངས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་སྦྱོང་གནང་བ་དང་འབྲེལ་ལས་ཀའི་མྱོང་ཚོར་ལྷུག་གླེང་གནང་བ་དང་། ལིའུ་ཡན་ཏུང་དང་། ལི་ཡོན་ཁྲའོ། དབང་དབྱང་། ཀྲང་ཁྲུན་ཞན། ཧན་ཀྲེང་བཅས་ཀྱིས་གཙོ་གནད་གཏམ་བཤད་སྤེལ་གནང་བ་རེད།
         ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་གཙོ་གནད་དམ་འཛིན་བྱས་ནས་ཁྱོན་ཡོངས་ཀྱི་ལས་དོན་ལ་སྣེ་འཁྲིད་དེ་བྱ་དངོས་ཀྱི་འཕེལ་རྒྱས་ཟམ་མི་ཆད་པར་དོ་མི་མཉམ་པ་ནས་དོ་མཉམ་པའི་བར་སྐུལ་འདེད་གཏོང་རྒྱུ་ནི་དངོས་གཙོ་རྩོད་སྒྲུབ་རིག་པའི་བླང་བྱ་ཡིན་ལ་རང་རེའི་ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་དར་སྤེལ་གཏོང་བ་དང་མཐའ་འཁྱོངས་བྱེད་པ་ཞིག་ཀྱང་ཡིན། ཕྱོགས་ལྔ་བཞི་གཅིག་གི་སྤྱི་ཡོངས་བཀོད་སྒྲིག་བྱེད་ཚུལ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་བྱེད་ཚུལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། ཀ་རྟེན་རང་བཞིན་གྱི་སྲིད་ཇུས་ཆེན་པོ་ལྔ། ཞན་ཆ་གསབ་པ་དང་ཉེན་ཁ་འགོག་པ་བཅས་ཀྱི་ཐོག་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་གཙོ་བོ་སྟངས་འཛིན་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཤིག་ཡིན། རང་རྒྱལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ཀྱང་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་སྔར་བཞིན་གནས་རྒྱུ་མ་ཟད་ཡུན་རིང་གནས་རྒྱུའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་བ་བྱུང་མེད་པ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་སུ་ལུས་པའི་སྤྱི་ཚོགས་ཐོན་སྐྱེད་དབར་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་མེད། དེ་ཐོག་ནས་ང་ཚོས་ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་དང་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་ཡིན་པའི་འཕེལ་རྒྱས་དེ་བློ་རྩེ་གཅིག་སྒྲིམ་ངང་དམ་འཛིན་ཡག་པོ་བྱས་ཏེ་སྔར་བས་སྤུས་ཚད་མཐོ་བ་དང་། སྔར་བས་ལས་ཕྱོད་མཐོ་བ། སྔར་བས་གཞུང་དྲང་། སྔར་བས་རྒྱུན་བསྲིང་བཅས་ཀྱི་འཕེལ་རྒྱས་ཡོང་བ་བྱེད་དགོས་པ་དང་ཕྱོགས་མཚུངས་ཆབ་སྲིད་འཛུགས་སྐྱོང་དང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྱོང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་དེ་བཞིན་ཕྱོགས་ཁག་གཞན་གྱི་འཛུགས་སྐྱོང་བཅས་ལ་མཐུན་སྦྱོར་ངང་སྐུལ་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས། སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཆེད་ལམ་ལུགས་ཀྱི་འགན་ལེན་དང་ཁོར་ཡུག་གི་ཆ་རྐྱེན་དེ་བས་ལེགས་པ་མཁོ་འདོན་བྱེད་དགོས་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ཐད་འཐབ་ཇུས་ཀྱི་དམིགས་ཚད་ཡོད་ལ་འཐབ་ཇུས་ཀྱི་བྱེད་ཐབས་ཀྱང་ཡོད། “ཕྱོགས་ཡོངས”ཚང་མར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ནི་རང་རེའི་ཏང་གིས་དུས་བབ་གསར་པའི་འོག་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་སྤྱིའི་ཐབས་ཇུས་ཡིན་ལ་ཏང་དང་རྒྱལ་ཁབ་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བའི་སྤྱིའི་འཐབ་ཇུས་ཀྱང་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བར་ངེས་པར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་འཐབ་ཇུས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་གཡོ་འགུལ་མི་གཏོང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་འཐབ་ཇུས་བྱེད་ཐབས་ཁག་གསུམ་ལ་དམ་པོར་དམིགས་ནས་ལྷོད་གཡེང་མི་གཏོང་བར“ཕྱོགས་ཡོངས་བཞི”ལ་ཕན་ཚུན་རམ་འདེགས་དང་། ཕན་ཚུན་སྐུལ་འདེད། ཆར་པ་ཆུ་གྲོགས་བཅས་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཀྱི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པ”དང་ཐ་ན་དེ་ལས་རིང་བའི་དུས་སྐབས་ནང་གི་རང་རྒྱལ་གྱི་འཕེལ་རྒྱས་བསམ་ཕྱོགས་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་བཅས་གཅིག་སྡུད་མཚོན་པ་ནི་སྤྱི་ཡོངས་ལ་དོ་དམ་དང་། གཞི་རྩར་དོ་དམ། ཕུགས་ལ་དོ་དམ་བཅས་བྱེད་པའི་ཕྱོགས་སྟོན་ཞིག་རེད། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་ལ་སྐུལ་ཁྲིད་བྱེད་པའི་གཙོ་གནད་ལས་དོན་ལ་དམ་འཛིན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་ཐད་གཅིག་འདོམས་སྐུལ་ཁྲིད་བྱེད་དགོས། འཕེལ་རྒྱས་འདུ་ཤེས་ཚང་མའི་ཐད་གཙོ་གནད་ལ་དམ་འཛིན་བྱེད་དགོས་ཁར་གཙོ་གནད་དམ་འཛིན་ལ་བརྟེན་ནས་ལག་ལེན་ནང་འདུ་ཤེས་ཁག་ཚད་བརྒལ་ཡོང་བར་སྐུལ་མ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་སྤྱི་ཁོག་སྲིད་ཇུས་བརྟན་པོ་དང་། ཐོན་ལས་སྲིད་ཇུས་འཕྱུགས་མེད། བྱེ་བྲག་སྲིད་ཇུས་སྟབས་བསྟུན། སྒྱུར་བཅོས་སྲིད་ཇུས་ཏན་ཏིག སྤྱི་ཚོགས་སྲིད་ཇུས་མཐིལ་འདེགས་བཅས་ཀྱི་སྲིད་ཇུས་སྡེབ་སྒྲིག་ནི་དེང་སྐབས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཀ་རྟེན་རང་བཞིན་གྱི་སྲིད་ཇུས་ཆེན་པོ་ལྔ་ཡིན། སྲིད་ཇུས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་ཐད་མངོན་གསལ་དོད་པའི་གཙོ་གནད་ལ་དོ་སྣང་བྱེད་དགོས། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་ལྷག་དོན་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་སྤེལ་གཏོང་རྒྱུ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཐབ་ཇུས་ཀྱི་གཙོ་གནད་ཅིག་ཡིན། སྤྱིའི་དགོས་མཁོ་དེ་འོས་འཚམ་ངང་ཆེ་རུ་གཏོང་བ་དང་དུས་མཚུངས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་ཤུགས་ཆེན་གཏོང་དགོས་པ་དང་། གཙོ་གནད་ནི་ཐོན་ནུས་གཅོག་པ་དང་། མཛོད་ཉར་འཕྲི་བ། འདེགས་ཤིང་མེད་པ་བཟོ་བ། མ་གནས་དམའ་རུ་གཏོང་བ། ཞན་ཆ་གསབ་པ་བཅས་བྱ་རྒྱུ་མ་ཟད། མཁོ་སྤྲོད་གྲུབ་ཆས་དགོས་མཁོ་འགྱུར་ལྡོག་གི་འཚམ་མཐུན་རང་བཞིན་དང་བབ་བསྟུན་རང་བཞིན་ཆེ་རུ་བཏང་ནས་རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པའི་ཆུ་ཚད་དེ་ཉིད་ཁྱོན་ཡོངས་ནས་འཕེལ་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཞན་ཆ་དང་ལྷག་དོན་དུ་ཞན་ཆ་གཙོ་བོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་དུས་ཐོག་ཏུ་འགྲུབ་རྒྱུར་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པས་ཞན་ཆ་དེ་དག་ཁ་གསབ་གང་མྱུར་བྱེད་དགོས། དབུལ་སྒྲོལ་གསར་སྤེལ་གྱི་ལས་དོན་ནི་ང་ཚོའི་མངོན་གསལ་དོད་པའི་ཞན་ཆ་ཞིག་ཡིན་པས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་སྤྱད་དེ་དམ་འཛིན་བྱས་ནས་2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་དབུལ་པོ་ཡོངས་དབུལ་སྒྲོལ་ཡོང་བར་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།