མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཟླ་7ཚེས་1ཉིན་ནས་བཟུང་ཀྲུང་དབྱང་སྲིད་འཛིན་ཚན་པའི་གཞུང་ལས་སྒྲིག་ཆས་ཀྱི་
ཚད་གཞི་ནན་དུ་བཏང་ནས་སྒྲིག་ཆས་དང་འཛིན་ཆས་རྒྱས་
གཤོམ་བཀག་སྡོམ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། གློག་ཀླད་ཀྱི་རིན་གོང་མཐོ་ཤོས་སྒོར་5000དང་། ལག་ཁྱེར་གློག་ཀླད་ཀྱི་རིན་གོང་མཐོ་ཤོས་སྒོར་7000 གཞུང་ལས་ཁང་གི་སྒྲོག་ཙེ་རྐུབ་སྟེགས་ཀྱི་རིན་གོང་མཐོ་ཤོས་སྒོར་6000 མི་གསུམ་སྡོད་སའི་ཧྲ་ཧྥ་ཡི་རིན་གོང་མཐོ་ཤོས་སྒོར་3000སོགས་ཟླ་7ཚེས་1ཉིན་ནས་བཟུང་། ཀྲུང་དབྱང་སྲིད་འཛིན་ཚན་པའི་ཀུན་སྤྱོད་ཀྱི་གཞུང་ལས་སྒྲིག་ཆས་དང་འཛིན་ཆས་སྒྲིག་སྦྱོར་ཐད་ཚད་གཞི་ནན་པོ་བཟོ་རྒྱུ་ཡིན་པ་དང་འབྲེལ། སྒྲིག་ཆས་དང་འཛིན་ཆས་རྒྱས་གཤོམ་བཀག་སྡོམ་བྱ་རྒྱུ་ཡིན་པ་རེད།
          གསར་འགོད་པས་དཔྱད་བསྡུར་བྱས་པ་ལས་ཤེས་རྟོགས་བྱུང་བར། ད་ཡོད་ཚད་གཞི་དང་བསྡུར་ན། ཚད་གཞི་གསར་པའི་སྒྲིག་སྦྱོར་ཚད་གཞི་དེ་བས་ཁ་གསལ་བ་དང་། གཞུང་ལས་ཁང་ཁག་གཅིག་གི་སྒྲིག་ཆས་དང་འཛིན་ཆས་ཉོ་བའི་རིན་གོང་དམའ་རུ་བཏང་བ་སྟེ། དཔེར་ན། ཚད་གཞི་གསར་པའི་འོག་གློག་ཀླད་དང་ལག་ཁྱེར་གློག་ཀླད་ཀྱི་རིན་གོང་མཐོ་ཤོས་སོ་སོར་སྒོར་5000དང་སྒོར་7000ཡིན་པ་དང་། ད་ཡོད་ཚད་གཞི་དེ་སྒོར་6000དང་སྒོར་11000ཡིན་པ། པར་འདེབས་འཕྲུལ་འཁོར་དང་། པར་སློག་འཕྲུལ་འཁོར། བརྙན་སྟོན་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་ཀྱང་མི་གྲངས་མི་འདྲ་བར་གཞིགས་ཏེ། སྒྲིག་སྦྱོར་བྱས་པའི་གྲངས་ཚད་ལའང་ཞིབ་ཕྲའི་གཏན་འཁེལ་བྱས་ཡོད།
         ད་ཡོད་གཞུང་ལས་འཛིན་ཆས་ཉུང་མཐར་ཡང་ལོ་15སྤྱོད་དགོས་པ་དང་བསྡུར་ན་ཚད་གཞི་གསར་པར་གཞུང་ལས་འཛིན་ཆས་བེད་སྤྱོད་བྱེད་པའི་ལོ་ཚད་རིང་དུ་བཏང་ཡོད་པ། དཔེར་ན། ཡིག་སྒྲོམ་དང་། གསང་སྒམ། ཇ་ལྕོག ཚོགས་འདུའི་སྒྲིག་ཙེ་སོགས་བེད་སྤྱོད་བྱེད་ཚད་ལོ་20བར་ཡིན་པ་རེད།
          བརྡ་ཐོའི་ནང་ཀྲུང་དབྱང་སྲིད་འཛིན་ཚན་པས་གཞུང་ལས་སྒྲིག་ཆས་སྒྲིག་སྦྱོར་བྱེད་སྐབས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་ཉོ་སྒྲུབ་བཅའ་ཁྲིམས་》ཀྱི་གཏན་འབེབས་ལ་གཞིགས་ནས་བདེ་འཇགས་རང་བཞིན་དང་། བརྟན་ལྷིང་རང་བཞིན། འཆམ་མཐུན་རང་བཞིན་བཅས་ཅུང་ཆེ་བའི་རིགས་སྒྲིག་སྦྱོར་བྱེད་པ་མ་ཟད། ད་དུང་ཟད་གྲོན་ཆུང་བ་དང་ཉམས་གསོ་བྱེད་བདེ་བའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་ལས་མཐོ་རིམ་སྒྲིག་ཆས་སྒྲིག་སྦྱོར་བྱ་མི་རུང་། གཞུང་ལས་འཛིན་ཆས་སྒྲིག་སྦྱོར་བྱེད་སྐབས། ངེས་པར་དུ་གཞུང་ལས་ཀྱི་བཀོད་པར་བསམ་བློ་གང་ལེགས་བཏང་ནས་སྟབས་བདེ་ལ་སྤྱོད་གོ་ཆོད་པའི་བླང་བྱ་དང་འཚམ་པ་བྱེད་པ་ལས། འཛིན་ཆས་རྒྱས་གཤོམ་དང་རྩ་ཆེན་ཤིང་ཆ་སྤྱད་མི་རུང་བ་གསལ་པོ་བཏོན་ཡོད།
          བརྡ་ཐོར་གཞིགས་ན། ཚད་གཞི་གསར་པ་དེ་ནི་རྒྱུ་ནོར་བཀོད་སྒྲིག་གི་འཆར་གཞི་དང་སྒྲིག་སྦྱོར་གྱི་སྔོན་རྩིས་བཟོ་བ་དང་ཞིབ་བཤེར་བྱས་ནས་སྲིད་གཞུང་གི་ཉོ་སྒྲུབ་དང་རྒྱུ་ནོར་ཐག་གཅོད་དོ་དམ་སོགས་ཀྱི་ལས་དོན་ལག་བསྟར་བྱེད་པའི་གཞི་འཛིན་ས་རེད། ཚད་གཞི་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཁྲོམ་རའི་རིན་གོང་འགྱུར་ལྡོག་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ཏེ་དུས་བསྟུན་ལེགས་སྒྲིག་བྱ་རྒྱུ་རེད།