མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལས་དོན་ལ་སྔར་
བས་ཤུགས་སྣོན་རྒྱག་རྒྱུའི་བླང་བྱ་བཏོན་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་29ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཧུའུ་ནན་ཁྲེན་ཀྲོའུ་དབྱི་ཕུང་མྱུར་བགྲོད་གཞུང་ལམ་ཐོག་གི“6·26”ཆེས་ཚབས་ཆེ་བའི་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྐོར་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། བརྡ་ཁྱབ་གཞིར་བཟུང་། 2016ལོའི་ཟླ་6ཚེས་26ཉིན་གྱི་ཆུ་ཚོད་10དང་ཕྱེད་ཀ་ཡོལ་ཙམ་ལ་ཧུའུ་ནན་ཞིང་ཆེན་ཧོང་དབྱང་ཅུན་ཏ་ཡུལ་སྐོར་ཚོགས་པའི་འཁོར་རྟགས་ཧུའུ་ནན་D94396བྱས་པའི་ཡུལ་སྐོར་རླངས་འཁོར་ཆེན་པོ་ཞིག(མི་55བླུགས་ཆོག་པ་དང་། མི་57བླུགས་པའི་ནང་ཕྲུ་གུ་4ཡོད་པ་)ཧུའུ་ནན་ཁྲེན་ཀྲོའུ་དབྱི་ཕུང་མྱུར་བགྲོད་གཞུང་ལམ་ཐོག་གི་33km+900mཁྲོད་སྐྱོད་སྐབས་ལམ་དབུས་ཀྱི་བཅད་དྲར་རྡུང་སྟེ་རླངས་འཁོར་གྱི་སྣུམ་སྒམ་ནས་སྣུམ་ཟགས་ཐོག་མེ་འབར་ཏེ་མིག་སྔར་མི་35རྐྱེན་ལམ་དུ་ཤོར་བ་དང་མི་13ལ་རྨས་སྐྱོན་ཕོག་ཡོད་པ་རེད།
         བརྡ་ཁྱབ་ནང་ལས་འཛོལ་དེའི་སྣ་སུན་ཐོག་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཆེས་ཚབས་ཆེའི་ལས་འཛོལ་ཐོན་རྒྱུར་དོགས་ཟོན་ནུས་ལྡན་དང་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད།
         འགྲུལ་སྐྱེལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལས་དོན་འཕྲལ་མར་སྤེལ་ཡོད་པ་རེད། བརྡ་ཁྱབ་ནང་ས་ཁུལ་ཁག་གིས“འགྲོ་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་ལོའི”བྱེད་སྒོ་དང་ཟུང་འབྲེལ་གྱིས་འཕྲལ་མར་འགྲུལ་སྐྱེལ་རླངས་འཁོར་དང་ལྷག་པར་དུ་ཡུལ་སྐོར་བོགས་བླངས་རླངས་འཁོར་གྱི་མི་མངོན་པའི་རྐྱེན་ངན་ཆེད་དོན་བཅོས་སྒྲིག་སྒྲིག་འཛུགས་ཡོད་པའི་སྒོ་ནས་བྱས་ཏེ་རླངས་འཁོར་རེ་རེ་དང་ལམ་ཐིག་རེ་རེ་བཞིན་གྲལ་བཤེར་བཅོས་སྒྲིག་བྱེད་དགོས་ལུགས་བཏོན་ཡོད།
         བརྡ་ཁྱབ་ནང་ས་ཁུལ་ཁག་གིས་འགྲུལ་སྐྱེལ་ཁེ་ལས་དང་འགྲུལ་སྐྱེལ་ས་ཚིགས་དང་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་སོགས་སུ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ནས་འགྲུལ་སྐྱེལ་ཁ་ལོ་བའི་འགྲིམ་འགྲུལ་གྱི་བདེ་འཇགས་འདུ་ཤེས་དང་རྒྱ་ཆེའི་མང་ཚོགས་ཀྱི་དོགས་ཟོན་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ་ཁ་ལོ་བ་དང་འགྲུལ་པའི་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
         ལས་འཛོལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཉེན་གཏོང་སློབ་གསོ་ནན་ཏན་གཏོང་དགོས་ཤིང་། ལས་འཛོལ་བཅོས་སྒྲིག་བྱེད་སྟངས་དོན་འཁྱོལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔེ་མཚོན་གྱི་ལས་འཛོལ་གྱོད་གཞིར་གཞིགས་ནས་ཉེན་གཏོང་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ཐོག་ལས་འཛོལ་གྱི་སྣ་སུན་དངོས་ལ་བརྟེན་ནས་ལས་དོན་ལ་སྐུལ་མ་བཏང་སྟེ་དེ་མཚུངས་ཀྱི་ལས་འཛོལ་བསྐྱར་དུ་མི་ཐོན་པ་བྱེད་དགོས།