མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་27ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་འཐབ་ཇུས་རོགས་ཟླའི་བསམ་བློ་དང་མི་རབས་རིམ་བརྒྱུད་ཀྱི་མཛའ་གྲོགས་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། ཕན་ཚུན་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཆབ་སྲིད་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་བློ་བརྟན་འགྱུར་མེད་ངང་ཤུགས་སྣོན་རྒྱག་རྒྱུའི་ཐད་མོས་མཐུན་གཅིག་མཐུན་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཕེབས་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་། ཀྲུང་ཨུའི་མཐོ་རིམ་གྱིས་འབྲེལ་གཏུག་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྩེ་རིམ་ཇུས་འགོ་དང་སྣེ་ཁྲིད་གལ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་ཤོས་ཐོག་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་བཏང་བའི་ཁར། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་སྐྱོན་བྲལ་འཕེལ་རྒྱས་ཐད་ལའང་དྲང་ནུས་བསྣན་ཡོད་པ་རེད། འདི་ལོ་ནི་《ཀྲུང་ཨུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་》ལ་མིང་རྟགས་བཀོད་ནས་ལོ་15འཁོར་བའི་ལོ་ཞིག་དང་ཀྲུང་ཨུའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་བའི་ལོ་ཞིག་རེད། འཐབ་ཇུས་རོགས་ཟླའི་འབྲེལ་བ་དེས་ཀྲུང་ཨུའི་འབྲེལ་བའི་འཐབ་ཇུས་ཀྱི་ངོ་བོ་གཏན་འཁེལ་བྱས་པ་དང་། ཆིངས་ཡིག་དེས་རྒྱལ་ཁབ་གཉིས་པོའི་མི་རབས་རིམ་བརྒྱུད་ཀྱི་མཛའ་གྲོགས་འདུ་ཤེས་གཏན་འཁེལ་བྱས་ཡོད། ཕྱོགས་གཉིས་པོས་བཏོན་པའི་འཐབ་ཇུས་གལ་ཆེན་གྱི་ཐབས་ཇུས་གཉིས་ནི་རྒྱལ་ཁབ་གཉིས་པོ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨུ་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཕྱོགས་གཉིས་པོས་སོ་སོའི་སྲོག་ཤིང་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཆབ་སྲིད་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་བརྟན་དུ་དང་ཟབ་ཏུ་གཏོང་དགོས་པ་དང་། ཀྲུང་ཨུ་གཉིས་པོ་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གཙོ་བོ་ཡིན་པས། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་དང་ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། ལྷག་པར་དུ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་སྦྲེལ་མཐུད་དང་མཉམ་ལས་བྱེད་པ་དང་། སྔར་བས་རྒྱ་ཆེ་བའི་ས་ཁོངས་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་གནད་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་བཅས་ཀྱི་ཐོག་ནས་རང་རེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གྱི་འཕེལ་ཕྱོགས་ཡག་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས།
         ཕུའུ་ཅིང་གིས་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དབར་རྟག་ཏུ་འབྲེལ་གཏུག་བྱ་རྒྱུ་དེ་ནི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་ཐད་ཕན་པ་ཡོད། མིག་སྔར། ཨུ་ཀྲུང་དབར་གྱི་ཕྱོགས་ཡོངས་ཀྱི་འབྲེལ་བ་འཕེལ་རྒྱས་མགྱོགས་པ་དང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་སྤེལ་རེས་མཉམ་ལས་ལམ་སྲོལ་གྱི་ལས་ཆོད་ཆེ་བ་དང་གྲུབ་འབྲས་ཐོབ་པ་དེས་ཕྱོགས་གཉིས་པོའི་རྒྱ་ཆེ་བའི་ཁྱབ་ཁོངས་ཀྱི་གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། འཐབ་ཇུས་རོགས་ཟླའི་འབྲེལ་བ་ཞིག་ཡིན་པའི་ངོས་ནས་བརྗོད་ན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རང་སོ་སོའི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཁོང་རྣམ་གཉིས་ཀྱིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་ཡོད་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་ལྷན་དུ་གསན་ཞིང་། གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས་》དང་། 《གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས》 《ཆ་འཕྲིན་དང་དྲ་རྒྱའི་བར་མཐོངས་འཕེལ་རྒྱས་ལ་ཕྱར་བ་གྲུ་འདེགས་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས་》བཅས་ལ་མིང་རྟགས་བཀོད་གནང་བ་མ་ཟད། བདེན་དཔང་ཐུབ་པའི་དཔལ་འབྱོར་ཉོ་ཚོང་དང་། ཕྱི་འབྲེལ། རྨང་གཞིའི་སྒྲིག་བཀོད། ལག་རྩལ་གསར་གཏོད། ཞིང་ལས། དངུལ་རྩ། ནུས་རྒྱུ། སྨྱན་སྦྱོར། དྲ་རྒྱ། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་30ལྷག་ཙམ་ལ་ཡང་མིང་རྟགས་བཀོད་གནང་བ་རེད།
         ཞིས་ཅིན་ཕིང་དང་ཕུའུ་ཅིང་རྣམ་གཉིས་ཀྱིས་ད་དུང་གསར་འགོད་པ་དང་ཐུག་འཕྲད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ལི་ཀྲེན་ཧྲུའུ་དང་རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།
         གྲོས་མོལ་མ་གནང་གོང་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཕུའུ་ཅིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།