མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཅང་སུའུ་ཡན་ཁྲེང་གི་རླུང་འཁོར་དྲག་པོ་དང་སེར་བའི་གནོད་
འཚེ་ཚབས་ཆེན་ལ་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་26ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་23ཉིན་གྱི་ཆུ་ཚོད་14ཙམ་ལ་ཅང་སུའུ་ཡན་ཁྲེང་གྲོང་ཁྱེར་ཧྥུའུ་ཉིང་རྫོང་དང་ཧྲེ་ཡང་རྫོང་གི་ས་ཁུལ་ཆ་ཤས་སུ་རླུང་འཁོར་དྲག་པོ་དང་སེར་བའི་གནོད་འཚེ་ཚབས་ཆེན་ཐོན་ནས་ཤང་གྲོང་མང་པོར་གནོད་འཚེ་ཕོག་ཅིང་། མི་སེར་གྱི་ཁང་པ་དང་། བཟོ་གྲྭ སློབ་ཁང་བཅས་འབོར་ཆེན་བརྡིབས་པ་དང་། འགྲོ་ལམ་ཁག་གཅིག་འགགས་པ་རེད། ཚེས་23ཉིན་གྱི་ཆུ་ཚོད་21དང་སྐར་མ་30ཡི་བར་མི་78ཤི་བ་དང་མི་500ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
         གནོད་འཚེ་ཐོན་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཨུ་ཟ་བྷེ་ཁི་སི་ཐན་དུ་འཚམས་འདྲི་གནང་བ་དང་འབྲེལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་ཚོགས་ཆུང་མངགས་ཏེ་ཉེན་ཁ་མྱུར་སྐྱོབ་དང་གནོད་འཚེ་སེལ་ཐབས་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་བྱེད་དགོས། ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་དགོས་པ་དང་འབྲེལ། རྐྱེན་ལམ་དུ་སོང་བའི་མི་སྣའི་རྗེས་འཇུག་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བཀོད་སྒྲིག་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་ས་གཤིས་གནོད་འཚེ་དཔྱད་དཔོག་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། རང་བྱུང་གནོད་འཚེ་ཚབས་ཆེན་ལ་དོགས་ཟོན་དང་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་སྟེ། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་ཡག་པོ་བྱས་ཏེ་གནོད་འཚེ་ཕོག་ཚུལ་ལ་ཞིབ་བསྡུར་བྱས་ཐོག གནོད་འཚེ་ཕོག་པའི་མང་ཚོགས་ལ་གང་མགྱོགས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་ཐུབ་རྒྱུའི་རོགས་རམ་བྱེད་དགོས། དམངས་སྲིད་པུས་སྣེ་ཁྲིད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཚོགས་ཆུང་བཙུགས་ནས་འཕྲལ་མར་གནས་ཚུལ་ཐོན་ཡུལ་དུ་གེགས་སེལ་ལ་མཛུབ་ཁྲིད་བྱེད་པར་སྐྱོད་དགོས། འབྲེལ་ཡོད་ཕྱོགས་ཀྱིས་འབྲུབ་དུས་གཙོ་བོའི་རང་བྱུང་གནོད་འཚེ་སྣ་ཚོགས་ཐོན་མང་བའི་གནས་ཚུལ་ལ་དམིགས་ཏེ། ས་གནས་ཁག་གིས་གནམ་གཤིས་ངན་པ་སོགས་ཀྱི་གནོད་འཚེར་དོགས་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ཏན་ཏིག་སྤེལ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གྱོང་གུན་ཆུང་དུ་གཏོང་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།
         ཞིས་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་གཞིར་བཟུང་། དམངས་སྲིད་པུའུ་སོགས་སྡེ་ཚན་གྱིས་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་གནས་ཚུལ་ཐོན་ཡུལ་དུ་གེགས་སེལ་ལ་མཛུབ་ཁྲིད་བྱེད་པར་བསྐྱོད་པ་རེད། གནོད་འཚེ་ཐོན་རྗེས། ཅང་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་འཕྲལ་མར་གནས་ཚུལ་ཐོན་ཡུལ་དུ་བསྐྱོད་དེ་གེགས་སེལ་ལས་དོན་སྤེལ་བ་རེད། ཡན་ཁྲེང་གྲོང་ཁྱེར་གྱིས་རང་བྱུང་གནོད་འཚེའི་རོགས་སྐྱོབ་འཕྲལ་སྡོམ་རིམ་པ་དང་པོའི་ལམ་སྲོལ་དང་མྱུར་སྐྱོབ་གེགས་སེལ་གྱི་སྔོན་ཇུས་ལག་ལེན་བསྟར་བ་རེད། མིག་སྔར་མྱུར་སྐྱོབ་གེགས་སེལ་ལས་དོན་ཁག་ཛ་དྲག་ཆེ་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།