མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ལྷོ་མཚོ་ཁོངས་སུ་གཏོགས་པའི་གླིང་ཕྲན་དུ་མ་གནའ་སྔ་མོ་ནས་ཀྲུང་གོའི་
མངའ་ཁོངས་ས་ཆ་ཡིན་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་13ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ལྷོ་མཚོ་ཁོངས་སུ་གཏོགས་པའི་གླིང་ཕྲན་དུ་མ་གནའ་སྔ་མོ་ནས་ཀྲུང་གོའི་
མངའ་ཁོངས་ས་ཆ་ཡིན་ཞེས་གསུངས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཉ་འཛིན་སྤྲོ་སྡིངས་རྒྱལ་ཁབ་ཀྱི་མགྲོན་ཁང་དུ་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་ཚོགས་པའི་དབུ་ཁྲིད་ཞལ་འཛོམས་ཐེངས་བཅོ་བརྒྱད་པར་ཞུགས་པའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁེ་དང་ཡོ་རོབ་གླིང་མནའ་འབྲེལ་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེ་རྣམ་གཉིས་ལ་མཇལ་འཕྲད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་ཚོགས་པས་ཞི་བདེ་དང་། འཕར་སྣོན། བསྒྱུར་བཅོས། ཤེས་དཔལ་དར་བ་བཅས་རོགས་ཟླའི་འབྲེལ་བ་ཆེན་པོ་བཞིའི་ཐད་ཀྱི་ངོས་འཛིན་གཅིག་མཐུན་དོན་ཐོག་ཏུ་འཁྱོལ་ཞིང་རྩ་བ་འཛུགས་བཞིན་ཡོད། ཕྱོགས་གཉིས་ཀས་རྒྱལ་སྤྱིའི་ལས་དོན་གལ་ཆེན་ཐད་འཐབ་ཇུས་ཀྱི་གླེང་མོལ་བྱེད་རེས་རྒྱུན་འཁྱོངས་བྱས་ནས་ཐུན་མོང་དུ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་ལེགས་བཅོས་བྱེད་པ་དང་། འཛམ་གླིང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་བར་འབད་བརྩོན་ཆེན་པོ་བྱས་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་ཚོགས་པས་སོ་སོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་མ་ཟད་ལག་ལེན་དངོས་སུ་ཡང་བསྟར་བ་རེད། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ཚོགས་པ་ཕྱོགས་གཉིས་ཀས་གཉིས་ཕན་མཉམ་རྒྱལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་སྤེལ་བྱ་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ལྷོ་མཚོ་ཁོངས་སུ་གཏོགས་པའི་གླིང་ཕྲན་དུ་མ་གནའ་སྔ་མོ་ནས་ཀྲུང་གོའི་མངའ་ཁོངས་ས་ཆ་ཡིན། ཀྲུང་གོའི་ལྷོ་མཚོའི་མངའ་ཁོངས་བདག་དབང་དང་མཚོ་རྒྱུད་བདག་དབང་ནི་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་ཡིན་ནའང་ཧྥི་ལི་ཕིན་གྱི་ལྷོ་མཚོའི་སྐོར་གྱི་འདུམ་གཅོད་གྱོད་གཞིའི་ཁྲུན་ཐག་བཅད་དོན་ཞེས་པའི་ཤུགས་རྐྱེན་ཐེབས་མི་སྲིད། འདུམ་གཅོད་གྱོད་གཞིའི་ཁྲུན་ཐག་བཅད་དོན་འདི་གཞིར་བཟུང་བའི་འདོད་ཚུལ་དང་བྱ་སྤྱོད་གང་དང་གང་ཡིན་ཡང་ཀྲུང་གོས་ཁས་ལེན་བྱེད་མི་སྲིད། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་རྒྱལ་སྤྱིའི་ཁྲིམས་སྐྱོང་དང་དེ་བཞིན་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་ཀྱི་ཡོད་པ་དང་། ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་འགྲོ་བ་མཐའ་འཁྱོངས་བྱེད་ཀྱི་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ལྷོ་མཚོ་མངའ་ཁོངས་ཞི་བདེ་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་རྒྱུ་ར་གཞོལ་བ་དང་། འབྲེལ་བ་ཐད་ཀར་ཡོད་པའི་དོ་བདག་རྒྱལ་ཁབ་དང་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་མཐོང་ཆེན་པོ་བྱས་པའི་རྨང་གཞིའི་ཐོག་རྒྱལ་སྤྱིའི་བཅའ་ཁྲིམས་ལ་གཞིགས་ཏེ་གྲོས་མོལ་བྱ་ཐབས་ཐོག་ནས་འབྲེལ་ཡོད་རྩོད་གཞི་ཞི་བདེའི་ངང་ཐག་གཅོད་བྱ་རྒྱུར་གཞོལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།