མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“བདུན་གཅིག”གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་སྔར་བས་གཏིང་ཟབ་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་དགོས་པའི་སྐོར་གྱི་གླེང་ཐེངས་དང་པོ།
         “ཏང་འཛུགས་སྐྱོང་ཤར་སྐྱོད”ལས་སྟེགས་ལ་བརྟེན་ནས་དྲ་རྒྱའི་བར་མཐོངས་སུ་སློབ་སྦྱོང་བྱས་པ་ལས་བྱུང་བའི་མྱོང་བ་དང་བློ་སྐྱེད་མཉམ་སྤྱོད་བྱས་པ་དང་། སྐད་འཕྲིནH5ཤོག་ངོས་བཏོད་དེ་ཆེད་དམིགས་ཚོད་ལྟའི་འདྲི་བ་གསོན་ཉམས་དོད་པའི་རྣམ་པའི་ཁྲོད་དུ་འདུས་པ། དུས་ཚོད་ཐང་ངེ་ཐུང་ངེ་ཚང་མ་སྤྱད་དེ་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དེ་ནམ་ཡང་ཁྲིད་མཚམས་མི་ཆད་པའི་ཏང་གི་སློབ་ཚན་ཞིག་ཏུ་འགྱུར་བ་བྱས་པ་ལ་སོགས། “བདུན་གཅིག”ཚུན་དུ་ས་གནས་ཁག་གིས་ཁྱབ་རྒྱ་ཆེ་རུ་དང་རྣམ་པ་གསར་གཏོད་བྱེད་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནན་ཏན་ངང་སྒྲིག་འཛུགས་ཀྱིས་སློབ་སྦྱོང་བྱས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་མཐོ་རླབས་གསར་པ་ཞིག་བསླངས་ཡོད་པ་རེད།
         “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་རྨང་གཞི་ནི་སློབ་སྦྱོང་བྱ་རྒྱུ་དེ་རེད། མིག་སྔར་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དེ་རེད། ཏང་དང་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་དེས་ཏང་དང་། རྒྱལ་ཁབ། མི་རིགས་བཅས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་ལྡན་པའི་གནད་དོན་རབ་དང་རིམ་པར་ལན་གསལ་པོ་ཞིག་བཏབ་ཡོད་པ་མ་ཟད། ད་དུང་དེ་ཐོག་ནས་ཏང་གི་སྲིད་སྐྱོང་བསམ་གཞི་དང་སྲིད་སྐྱོང་མཛད་ཇུས་ཀྱང་གཅིག་སྡུད་ཐོག་མཚོན་གྱི་ཡོད། དེ་ནི་དུས་སྐབས་གསར་པར་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་ལས་འགན་སྔར་བས་ཡག་པོ་འཁུར་རྒྱུར་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། “བདུན་གཅིག”གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ངེས་པར་དུ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་དགོས། གསུང་བཤད་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་། བྱ་སྤྱོད་དངོས་དང་ཟུང་འབྲེལ་གྱིས་བསམ་གཞིག་བྱེད་པ། བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་བཅས་བྱས་ན་སློབ་སྦྱོང་སློབ་གསོའི་ཁྲོད་གཞི་ནས་དུས་རབས་ཀྱི་གནས་ཚད་འཕྱུགས་པ་མེད་པའི་སྒོ་ནས་རྙེད་ཐུབ།
         སློབ་སྦྱོང་བྱས་རུང་མ་ཤེས་ན་སློབ་སྦྱོང་མ་བྱས་པ་དང་ཁྱད་མེད། སློབ་སྦྱོང་བྱས་རུང་ཡིད་ཆེས་མ་བྱས་ན་སློབ་སྦྱོང་ངོ་མ་བྱས་པ་མིན། “བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གོ་བ་འཁྲུལ་པ་མེད་པ་ཞིག་ལེན་ཐུབ་པ་བྱེད་དགོས་ན་ངེས་པར་དུ་དོན་གྱི་ངོ་བོ་དང་བརྗོད་བྱའི་སྙིང་པོ་གསལ་པོར་རྟོགས་པར་བྱེད་དགོས། དེའི་ནང་གི་གནད་འགག་ཆེ་ཤོས་ནི“ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་དགོས”ཞེས་པའི་བརྗོད་དོན་མངོན་གསལ་དོད་པོར་དམ་པོར་དམིགས་ཏེ་འགོ་འཛུགས་དགོས་དོན་གང་ཡིན་པར་བསམ་བློ་རྒྱུན་དུ་གཏོང་བ་དང་འབད་འཐབ་བྱེད་དགོས་དོན་གང་ཡིན་པ་བློ་ལ་བརྟན་པོར་ངེས་ནས་ཆབ་སྲིད་ཀྱི་རང་གཤིས་དང་ཆབ་སྲིད་ཀྱི་ངེས་ཤུགས་འཕེལ་བ་དང་། འབད་འཐབ་ཀྱི་སྙིང་སྟོབས་ནམ་ཡང་མི་ཉམས་པ། ལྷད་མེད་སེམས་དཀར་ནམ་ཡང་མི་བརྗེད་པ་བཅས་བྱེད་དགོས་པ་དང་། གསུང་བཤད་ཀྱི་ཕྱོགས་བརྒྱད་ཐད་ཀྱི་རྩ་བའི་གོ་དོན་ལ་དམ་པོར་དམིགས་ཏེ། ལོ་རྒྱུས་ཀྱིས་ང་ཚོར་བློ་སྒོ་ཕྱེ་བ་མ་བརྗེད་པ་དང་ཕུགས་བསམ་དད་སེམས་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ནས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལག་ལེན་བླང་བྱར་དམ་པོར་དམིགས་ཏེ“ནན་པོ”གཙོ་བོར་བཟུང་ནས་རེ་རེ་བཞིན་ལག་བསྟར་བྱེད་དགོས་པ་དང་། “རྒྱུགས་འབུལ”གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་དགོས་པ་བཅས་རེད། བྱ་དངོས་ཀྱི་ཕྱི་ངོས་སྣང་ཚུལ་ཤེས་ན་བྱ་དངོས་ཀྱི་ངོ་བོ་དང་དེའི་འབྱུང་རྐྱེན་ལས་ཀྱིས་ཤེས་ཞེས་པ་ལྟར་གསུང་བཤད་ཀྱི་སྙིང་དོན་སེམས་ནང་རང་ཤུགས་སུ་བརྟན་པོར་ཟུག་རྒྱུ་རེད།
         སློབ་སྦྱོང་ཡག་པོ་འབྱུང་མིན་མཐའ་གསལ་མཐིལ་རྟོགས་བྱ་རྒྱུར་ཐུག་ཡོད།
         “བདུན་གཅིག”གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱེད་པར། ཕྱོགས་གཅིག་ནས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་སློབ་སྦྱོང་དང་གསུང་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་བྱ་རྒྱུ་གཉིས་ཁོང་དུ་ཆུད་པ་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་། ཏང་གི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་བཅས་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་སློབ་སྦྱོང་སློབ་གསོ་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ངེས་པར་དུ་སློབ་སྲོལ་བཟང་པོ་དར་སྤེལ་བཏང་ནས་དད་སེམས་འཆང་བཞིན་སློབ་སྦྱོང་དང་། བརྩེ་སེམས་འཆང་བཞིན་སློབ་སྦྱོང་། དོགས་གནད་འཁྱེར་ནས་སློབ་སྦྱོང་བཅས་བྱས་ནས་གཞི་རྟེན་གྱི་རྣམ་པ་ཕུན་སུམ་ཚོགས་སུ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་སྐབས་མཐར་བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་པ་བྱེད་དགོས། རི་གྲོང་དབུལ་པོར་ལི་པའོ་གོས་དམངས་ལ་སེམས་པ་རྩེ་གཅིག་ཏུ་བཅངས་པས་ན“རི་བོ་ཐའེ་ཧང་ཧྲན་ཐོག་གི་ཡུས་ཀུང་གསར་པར”གྲགས་པ་དང་། འདུ་འཛི་ཆེ་བའི་གྲོང་ཁྱེར་དུ་ཙོའུ་པི་ཧྭ་ལ“སྒྲོན་མེ”ཇི་བཞིན་གཞན་ལ་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཆེན་པོ་ལྡན་པས“ཉེ་འགྲམ་གྱི་མིག་དཔེར”གྲགས་པ་ལ་སོགས་ཡིན། ཉེ་འགྲམ་གྱི་སྔོན་ཐོན་དཔེ་མཚོན་མིག་དཔེར་འཛིན་ནས་གསུང་བཤད་ཀྱི་དགོངས་དོན་དེ་ཏང་གཤིས་བློ་སྦྱོང་ཟབ་ཏུ་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དེ་ལས་དོན་དངོས་ལ་སྐུལ་འདེད་གཏོང་བའི་མཚོན་ཆ་ནུས་ལྡན་ཞིག་ཏུ་བསྒྱུར་ན་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དྲང་ནུས་ཤིག་རྒྱུན་ཆད་མེད་པར་གཅིག་ཏུ་འགྲིལ་ཐུབ།
         “ང་ནི་ཀྲུང་གོ་གུང་ཁྲན་ཏང་ཡིན། ཇི་སྲིད་བར་ཁྱེད་དང་མཉམ་དུ་གནས” མི་རིང་བའི་གོང་། 《ང་སུ་རེད་དམ་》ཞེས་པའི་སྤྱི་ཕན་བརྡ་ཆ་ཞིག་ལ་དྲ་གྲོགས་ཚོས་མོས་རྡེབ་དང་བརྒྱུད་བསྐུར་ཐེངས་མང་བྱས་ཡོད། ནམ་ཡང་མི་དཀྱུས་མ་ཞིག་བྱེད་པ་དང་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་འབུལ་བའི་ཏང་ཡོན་དཀྱུས་མའི་གཟུགས་བརྙན་ལས་ཉེ་འགྲམ་གྱི་མི་མང་པོར་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ་ཏང་ཡོན་གྱི་རང་གཤིས་ལ་སྦྱོང་བརྡར་སྤྲོད་པ་དང་ཏང་གཤིས་བློ་སྦྱོང་ཟབ་ཏུ་བཏང་ནས“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། དེ་ལྟར་བྱས་ཚེ། ཏང་ཡོན་ཁྲི་8800ལྷག་ཙམ་གྱིས་འགྲན་ཟླ་བྲལ་བའི་སྟོབས་ཤུགས་གཅིག་སྒྲིལ་ཐུབ་ངེས་ཡིན་ལ་མི་རིགས་བསྐྱར་དར་ལ་སྣེ་ཁྲིད་ཐུབ་པའི་སྲོག་ཤིང་ཞིག་ཏུ་འགྱུར་རྒྱུ་རེད།