མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱས་
ཏེ་ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་
གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 08:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

གྲོང་མིའི་ཁྱིམ་དུ་ཕེབས་ནས་དབུལ་སྐྱོར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ།

གྲོང་མིའི་ཁྱིམ་དུ་ཕེབས་ནས་དབུལ་སྐྱོར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་བྱེད་པ་དང་། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱེད་པ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་གཞི་ཚུགས་ས་དང་ཤུགས་རྒྱག་གཞིར་བརྩི་བ། འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་དམངས་འཚོ་ལེགས་སུ་ཏན་ཏིག་གཏོང་བ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་ཡོང་བ་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཚེས་12དང་13ཉིན་ཡུས་ཀྲེང་ཧྲེང་བོད་ལྗོངས་ཆབ་མདོར་བརྟག་ཞིབ་གནང་བར་ཕེབས་པ་དང་། ཁོང་ཁེ་ལས་དང་། སྨན་ཁང་། གྲོང་གསེབ། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་བཅས་སུ་ཕེབས་ནས་དེ་ཁུལ་གྱི་འཕེལ་རྒྱས་བརྟན་ལྷིང་གི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། བརྟག་ཞིབ་གནང་བའི་བརྒྱུད་རིམ་ནང་ད་དུང་ཡུས་ཀྲེང་ཧྲེང་གིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་ཀའི་སྙན་སེང་གསན་པ་རེད།
         ཡུས་ཀྲེང་ཧྲེང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཐད་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ཞིང་། རྒྱལ་ཁབ་གློག་དྲ་ཁྲོན་བོད་དྲ་སྦྲེལ་ལས་གྲྭའི་ཆན་ཕུའུ་500ཟིན་པའི་རྫ་ཆུའི་གློག་སྒྱུར་ས་ཚིགས་སུ་ཁོང་གིས་ལས་དོན་མི་སྣའི་ས་ནས་གློག་སྒྱུར་ས་ཚིགས་འཛུགས་སྐྲུན་དང་ཐོན་སྐྱེད་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོར་ཁོང་གྲོང་ཚོ་ཨུ་ལྷན་དང་། དྲ་མིག་ཅན་དོ་དམ་གཞུང་ལས་ཁང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་དང་དེ་བཞིན་གྲོང་མི་ཚོའི་ཁྱིམ་དུ་ཕེབས་ནས་གྲོང་ཚོ་གསར་པ་འཛུགས་སྐྲུན་དང་དབུལ་སྐྱོར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ད་དུང་ཁོང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཕེབས་ནས་སྨན་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཐུབ་པ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་མང་ཚོགས་ཀྱི་འདོད་འདུན་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཆུ་གློག་ལམ་གསུམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ནུས་ལྡན་རྒྱག་པ། སློབ་གསོ་དང་སྨན་བཅོས་སོགས་ཀྱི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་རྒྱ་ཆེར་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དབུལ་པོ་ཆགས་པའི་འགག་རྩའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་དབུལ་སྐྱོར་ཐོན་ཁུངས་བཀོད་སྒྲིག་བྱེད་ལེགས་སུ་བཏང་སྟེ་མི་འབོར་དབུལ་པོ་དུས་བཀག་བཞིན་ཚང་མ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། དཔལ་འབྱོར་གྱི་བོད་སྐྱོར་དང་། སློབ་གསོའི་བོད་སྐྱོར། ལས་ཞུགས་ཀྱི་བོད་སྐྱོར། ཚན་རྩལ་གྱི་བོད་སྐྱོར། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་བཅས་ཤུགས་ཆེན་བྱས་ཏེ་ཕྱོགས་མང་བ་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཐུབ་པ་བྱས་ཐོག་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པར་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཁོང་བྱམས་པ་གླིང་དུ་ཕེབས་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བྱམས་བརྩེའི་ངང་གཟིགས་ཏེ་རིག་དངོས་སྲུང་སྐྱོབ་དང་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཁོང་ཚོས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་ནས་དད་ལྡན་མང་ཚོགས་ཚོས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཡུས་ཀྲེང་ཧྲེང་གིས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་གཙོ་གནད་ཅིག་རེད། དེར་བརྟེན་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོའི་ཆོས་དད་རང་མོས་ལ་བརྩི་འཇོག་དང་འགན་ལེན་གང་ལེགས་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཕྱོགས་སུ་འགྱུར་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ནུས་ལྡན་བྱས་ནས་ཁྲིམས་བཞིན་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་ཅན་གྱི་དོ་དམ་བཅས་དང་ཟུང་འབྲེལ་བྱས་ཏེ་ས་ཁོངས་ཕྱི་རོལ་ཕྱོགས་གཏོགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་བཟོ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་དགོན་སྡེའི་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་འགན་ལེན་བྱས་ཐོག་དད་ལྡན་མང་ཚོགས་ཚོའི་རྒྱུན་གཏན་གྱི་ཆོས་ལུགས་འཚོ་བ་འགན་ལེན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།