མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་འགན་འཁྲི་དོན་འཁྱོལ་དང་། མ་ལག་འཐུས་ཚང་དུ་གཏོང་བ། ཐོན་ཁུངས་
བསྡུ་སྒྲིལ། སྟོབས་ཤུགས་སྤྱི་འདོམས་བཅས་བྱས་ཏེ་ཕྱོགས་ཡོངས་ནས་གེགས་འགོག་དང་། 
གནོད་འཚེ་ཉུང་གཏོང་། རྒུད་སྐྱོབ་བཅས་ཐད་ཀྱི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་
ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་30ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་འགན་འཁྲི་དོན་འཁྱོལ་དང་། མ་ལག་འཐུས་ཚང་དུ་གཏོང་བ། ཐོན་ཁུངས་
བསྡུ་སྒྲིལ། སྟོབས་ཤུགས་སྤྱི་འདོམས་བཅས་བྱས་ཏེ་ཕྱོགས་ཡོངས་ནས་གེགས་འགོག་དང་། 
གནོད་འཚེ་ཉུང་གཏོང་། རྒུད་སྐྱོབ་བཅས་ཐད་ཀྱི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་
ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཐང་ཧྲན་གྱི་གེགས་འགོག་གེགས་སེལ་དང་ཐང་ཧྲན་གསར་པ་བསྐྲུན་ནས་ལོ་40འཁོར་བའི་སྐབས་སུ་ཧོ་པེ་ཐང་ཧྲན་གྲོང་ཁྱེར་དུ་ཕེབས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད། གེགས་འགོག་དང་། གནོད་འཚེ་ཉུང་གཏོང་། རྒུད་སྐྱོབ་བཅས་ལ་ཤུགས་སྣོན་རྒྱག་པའི་ནུས་པ་འཛུགས་སྐྱོང་གི་ལས་དོན་སྤེལ་ཚུལ་བཅས་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་རང་བྱུང་གནོད་འཚེ་དང་འཐབ་རྩོད་བྱ་རྒྱུ་དེ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་འགྱུར་མེད་ཀྱི་ལས་དོན་ཞིག་ཡིན་པར་བརྟེན། དེ་བས་རང་རྟོགས་ངང་མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། གེགས་འགོག་དང་། གནོད་འཚེ་ཉུང་གཏོང་། རྒུད་སྐྱོབ་བཅས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། རང་བྱུང་གནོད་འཚེ་སྣ་ཚོགས་འགོག་པའི་ལག་ལེན་ཁྲོད་ཀྱི་ཉམས་མྱོང་རྒྱུན་ཆད་མེད་པར་ཕྱོགས་སྡོམ། འགན་འཁྲི་དོན་འཁྱོལ་དང་། མ་ལག་འཐུས་ཚང་དུ་གཏོང་བ། ཐོན་ཁུངས་བསྡུ་སྒྲིལ། སྟོབས་ཤུགས་སྤྱི་འདོམས་བཅས་བྱས་ནས་དམངས་ཡོངས་ཀྱི་གེགས་འགོག་གེགས་སེལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འབྲེལ་ཕྱོགས་ཡོངས་ནས་གེགས་སེལ་དང་། གནོད་འཚེ་ཉུང་གཏོང་། རྒུད་སྐྱོབ་བཅས་ཐད་ཀྱི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ལོ་བཞི་བཅུའི་འབད་བརྩོན་ཆུ་རྒྱུན་ནང་། ཐང་ཧྲན་གསར་པའི་སྐྱེ་སྟོབས་སྔར་བཞིན་འབར། 1976ལོའི་ཟླ་7ཚེས་28ཉིན་གྱི་ཐོ་རེངས་ཐང་ཧྲན་དུ་ས་ཡོམ་རིམ་པ་7.8བརྒྱབ་ནས་མི་ཁྲི་24རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་16ལ་རྨས་སྐྱོན་ཆེན་པོ་ཕོག་སྟེ་ལོ་རྒྱུས་ཡུན་རིང་ལྡན་པའི་བཟོ་ལས་གྲོང་ཁྱེར་དེ་སྐད་ཅིག་ཉིད་དུ་ཞིག་རོར་གྱུར། ས་ཡོམ་གྱི་གནོད་འཚེ་དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་རྒྱལ་ཡོངས་ཀྱི་གོད་ཆག་ཆེ་ཤོས་དེ་ཡིན་པ་དང་ཐང་ཧྲན་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད། ད་ཆའི་ཐང་ཧྲན་ནི་དེ་སྔའི་ས་ཡོམ་གྱི་ཞིག་རོའི་ཐོག་བསྐྲུན་པའི་དེང་རབས་ཅན་གྱི་གྲོང་ཁྱེར་གསར་པ་ཞིག་ཡིན།
         ཚེས་28ཉིན་གྱི་སྔ་དྲོ། ཞིས་ཅིན་ཕིང་ཐང་ཧྲན་དུ་འབྱོར་མ་ཐག་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཁེ་ཀྲེ་དང་ཧྲེང་ཀྲང་ཀྲང་ཆིང་ཝུའེ་ཡི་ཕེབས་རོགས་འོག་ཐང་ཧྲན་ས་ཡོམ་རྗེས་ཤུལ་སྤྱི་གླིང་དུ་ཕེབས་ནས་ཐང་ཧྲན་གྱི་ས་ཡོམ་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་ཡོམ་འགོག་གེགས་སེལ་ནང་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་བ་དང་འབྲེལ་དྲན་གསོའི་གྱང་ལ་གུས་འདུད་ཐེངས་གསུམ་ཞུས་ཤིང་། ཁོང་གིས་ད་ཐེངས་ཐང་ཧྲན་དུ་ཡོང་དོན་ནི། གཙོ་བོ་དཔའ་བོའི་གྲོང་ཁྱེར་དང་དཔའ་བོའི་མི་དམངས་ཚོར་ལྟ་བར་ཡོང་བ་ཡིན། ལོ་40གོང་གི་ས་ཡོམ་ཆེན་པོའི་ནང་གྲོང་ཁྱེར་ཞིག་མེད་པར་གྱུར་ཡང་། ཐང་ཧྲན་མི་དམངས་དང་རྒྱལ་ཡོངས་དམག་དམངས་ཀྱི་བློ་སྟོབས་ཉམས་མེད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དམག་དམངས་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག་ཐང་ཧྲན་མི་དམངས་ཀྱིས་འབད་འབུངས་སྟོབས་བརྩོན་གྱི་སྙིང་སྟོབས་ཐོག་ནས་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ནང་ཧུར་ཐག་ཞུགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་འབད་འཐབ་ལོ་རྒྱུས་ཐོག་བསྟོད་པར་འོས་པའི་བརྗིད་ཆེའི་ལེའུ་ཞིག་བརྩམས་ཡོད་ཅེས་གསུངས་པ་རེད།
         རྟོག་ཞིབ་མཇུག་སྒྲིལ་རྗེས། ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེ་བའི་གནས་ཚུལ་འོག་ཐང་ཧྲན་གྱི་ཡོམ་འགོག་གེགས་སེལ་དང་ཐང་ཧྲན་གསར་པ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་དེ་འདྲ་ཐོབ་པའི་རྒྱུ་མཚན་གལ་ཆེན་ཞིག་ནི། གནོད་འཚེ་དང་དཀའ་ངལ་ཆེན་པོའི་མདུན་དུ་ཏང་གི་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བཅས་བྱས་ཏེ་དཀའ་སྡུག་སྔོན་ལ་མྱོང་བ་དང་མདུན་དུ་མཆོངས་ཏེ་མི་དམངས་མང་ཚོགས་ཀྱི་བསམ་བློའི་རྟེན་སར་གྱུར་པ་དེ་ཡིན། ཏང་གི་སྟོབས་ཤུགས་ནི་མི་དམངས་ཁྲོད་ནས་ཡོང་བ་ཞིག་ཡིན། ཏང་གིས་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་མི་དམངས་ལ་དམ་པོར་བརྟེན་ཚེ། ང་ཚོས་གཞི་ནས་མདུན་སྐྱོད་འགྲོ་ལམ་ཐོག་གི་ཚོད་བགམ་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་རྒྱུ་མ་ཟད། དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཐང་ཧྲན་གྱི་ཡོམ་འགོག་གེགས་སེལ་དང་ཐང་ཧྲན་གསར་པ་བསྐྲུན་ནས་ལོ་40འཁོར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་དེ་བཞིན་ང་ཚོས་སྤེལ་བའི་གེགས་སེལ་རྒུད་སྐྱོབ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་མང་པོའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཡོད། དེ་ཐོག་ནས་ང་ཚོར། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་དམ་པོར་བརྟེན་པ་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཚེ། ང་ཚོས་གཞི་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པའི་གསལ་བཤད་བྱས་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་ནས་དེ་ཉིད་ཀྱི་ཁྱད་འཕགས་རང་བཞིན་དེ་བས་འདོན་སྤེལ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་རང་རྒྱལ་ནི་འཛམ་གླིང་ཐོག་རང་བྱུང་གནོད་འཚེ་ཐོན་མང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། གནོད་འཚེའི་རིགས་མང་བ་དང་། ས་ཁོངས་ཀྱི་ཁྱབ་རྒྱ་ཆེ་བ། གནོད་འཚེ་ཐོན་མང་བ། གྱོང་གུན་ཕོག་ཆེ་བ་བཅས་ནི་རྒྱལ་ཁབ་ཀྱི་རྩ་བའི་གནས་ཚུལ་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ང་ཚོས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་སྔོན་འགོག་བྱ་རྒྱུ་གཙོ་བོར་བྱེད་པ་དང་གེགས་འགོག་རྒུད་སྐྱོབ་ཟུང་འབྲེལ་བྱེད་པའི་ལས་ཀའི་བྱེད་ཕྱོགས་གཏན་འཁེལ་བྱས་པར་བརྟེན་གནོད་འཚེ་འགོག་པ་དང་། གནོད་འཚེ་ཉུང་གཏོང་། རྒུད་སྐྱོབ་བཅས་ཐད་ཀྱི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད། ཉམས་མྱོང་ཕྱོགས་སྡོམ་བྱས་ནས་སེམས་ཁྲལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་བས་ཆེ་རུ་བཏང་སྟེ་སྔོན་འགོག་བྱ་རྒྱུ་གཙོ་བོར་བྱེད་པ་དང་གེགས་འགོག་རྒུད་སྐྱོབ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་རྒྱུན་གཏན་གྱི་གནོད་འཚེ་ཉུང་གཏོང་དང་དམིགས་བསལ་དུས་སྐབས་ཀྱི་རྒུད་སྐྱོབ་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གནོད་འཚེ་ཐོན་རྗེས་ཀྱི་རོགས་སྐྱོབ་ལ་སྣང་ཆེན་བྱ་རྒྱུ་དེ་གནོད་འཚེ་མ་ཐོན་གོང་སྔོན་འགོག་ལ་སྣང་ཆེན་བྱ་རྒྱུར་བསྒྱུར་རྒྱུ་དང་། གནོད་འཚེའི་རིགས་གཅིག་ལ་ཁ་གཏད་གཅོག་པ་ནས་ཕྱོགས་བསྡུས་གནོད་འཚེ་ཉུང་གཏོང་བར་བསྒྱུར་རྒྱུ། གནོད་འཚེའི་གྱོང་གུན་ཉུང་དུ་གཏོང་བ་ནས་གནོད་འཚེའི་ཉེན་ཁ་ཆུང་དུ་གཏོང་བའི་བར་བསྒྱུར་རྒྱུ་བཅས་མངོན་འགྱུར་ཧུར་ཐག་བྱས་ནས་སྤྱི་ཚོགས་ཧྲིལ་པོས་རང་བྱུང་གནོད་འཚེ་འགོག་པའི་ཕྱོགས་བསྡུས་དོགས་ཟོན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་གནོད་འཚེ་སྔོན་འགོག་དང་། གནོད་འཚེ་ཉུང་གཏོང་། རྒུད་སྐྱོབ་བཅས་བྱ་རྒྱུ་དེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་མ་ཟད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད་པས། དེ་ནི་སྲིད་འཛིན་ཏང་གི་འགོ་ཁྲིད་ནུས་པར་ཚད་འཇལ་དང་། སྲིད་གཞུང་གི་ལག་བསྟར་ནུས་པར་ཞིབ་བཤེར། རྒྱལ་ཁབ་ཀྱི་སྐུལ་སློང་ནུས་པར་ཤན་འབྱེད། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་མངོན་པ་བཅས་ཀྱི་ཕྱོགས་གལ་ཆེན་ཞིག་ཡིན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། ནུས་ཤུགས་ཡོད་རྒུས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་གཞི་འཐུས་ཚང་དུ་གཏོང་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་འདུ་འགོད་ཆེན་པོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། གནོད་འཚེར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་དང་ཉེན་ཁ་སྔོན་འགོག་གི་དོགས་ཟོན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་བཀོད་ཀྱི་གེགས་འགོག་ནུས་པ་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་སྡོད་ཁང་གི་གནོད་འཚེ་འགོག་པ་དང་གེགས་འགོག་གི་ནུས་པ་ཆེ་རུ་གཏོང་བ། གནོད་འཚེའི་དོ་དམ་ཐད་ཀྱི་གསོ་སྦྱོང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། གནོད་འཚེ་སྔོན་འགོག་དང་། གནོད་འཚེ་ཉུང་གཏོང་། རྒུད་སྐྱོབ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་ཕུགས་ཕན་ལམ་སྲོལ་འཛུགས་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་གོ་རིམ་ལྡན་པའི་ངང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཐད་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་མིག་སྔ་ནི་འབྲུབ་འགོག་གི་འགག་རྩའི་དུས་ཤིག་ཡིན་པས་འབྲུབ་འགོག་ཤྭ་འགོག་དང་ཉེན་སེལ་རྒུད་སྐྱོབ་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད། འབྲུབ་འགོག་ཤྭ་འགོག་དང་རྒུད་སྐྱོབ་ལས་དོན་དེ་ལས་འགན་གལ་ཆེན་དུ་བརྩི་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་རྒྱུ་ཨང་དང་པོར་བཞག་ནས་འབྲུབ་འགོག་དང་། ཤྭ་འགོག རྒུད་སྐྱོབ་བཅས་ཀྱི་ལས་དོན་གྱི་རྩ་བ་དེ་དམ་པོར་འཛིན་ནས་བྱེད་ཐབས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། ཆར་ཆུའི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་ཉེན་ཟོན་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་དང་། འཕྲལ་སྡོམ་བརྡ་ལན་འཕྲལ་མར་ལག་བསྟར་བྱེད་པ། དམག་དམངས་མཉམ་འགོག་མཉམ་འགུལ་མཐའ་འཁྱོངས། ནུས་ཤུགས་ཡོད་རྒུས་མི་སྣའི་བདེ་འཇགས་འགན་ལེན། ཆུ་མཛོད་ཆེ་འབྲིང་གི་བདེ་འཇགས་འགན་ལེན་བཅས་བྱེད་དགོས་པ། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ་དང་། ཁོང་ཚོའི་གཞི་རྩའི་འཚོ་བ་འགན་ལེན་དང་གེགས་ཁུལ་གྱི་འཕྲོད་བསྟེན་རིམས་འགོག་གི་ལས་དོན་ཡག་པོ་སྒྲུབ་དགོས་པ། གར་སོང་ཆ་མེད་དུ་གྱུར་བ་དང་འབྲེལ་གཏུག་ཆད་པའི་མི་སྣ་འཚོལ་སྐྱོབ་ལས་དོན་ཡག་པོ་སྒྲུབ་པ་དང་རྨས་སྐྱོན་ཕོག་པའི་མི་སྣར་སྨན་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གཤིན་པོའི་རྗེས་འཇུག་གི་ལས་དོན་ཡག་པོ་སྒྲུབ་དགོས་པ། སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་བཀོད་སྒྲིག་དང་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ་མང་ཚོགས་སྒྲིག་འཛུགས་བྱས་ནས་ཐོན་སྐྱེད་རང་སྐྱོབ་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་འབྲུབ་འགོག་ཤྭ་འགོག་གི་ནུས་པ་ཆེ་རུ་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།