མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་སྐབས་དགུ་པའི་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སློབ་གསོ་སྤེལ་
རེས་གཟའ་འཁོར་ལ་རྟེན་འབྲེལ་ཞུ་ཡིག་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་03ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀུའེ་དབྱང་དུ་གཉེར་བའི་སྐབས་དགུ་པའི་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སློབ་གསོ་སྤེལ་རེས་གཟའ་འཁོར་ལ་རྟེན་འབྲེལ་ཞུ་ཡིག་སྤྲིངས་གནང་བ་རེད།
         ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་ཡིག་ནང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་རི་ཆུ་འབྲེལ་བ་དང་འབྲེལ་བ་དམ་ཟབ་ཡོད་པས་ཁྱིམ་མཚེས་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་ཡིན། ཕྱོགས་གཉིས་པོས་གླེང་མོལ་འབྲེལ་བ་བཙུགས་ནས་ལོ་25སོང་ཚུན་ཕྱོགས་མང་ལ་རིམ་པ་མང་བའི་སྤེལ་རེས་མཉམ་ལས་བྱས་ཡོད། སློབ་གསོ་ཚུད་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་མཉམ་ལས་བྱས་ནས་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་ཀ་རྟེན་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པས་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཆེན་པོ་ཡོད་ཅེས་གསུངས་པ་རེད།
         ལི་ཁེ་ཆང་གིས་སློབ་གསོ་ནི་མིའི་རིགས་ཀྱི་ཤེས་དཔལ་དང་ཤེས་བྱ་རྒྱུན་འཛིན་བྱེད་པ་དང་། གཞོན་ནུའི་མི་རབས་གསོ་སྐྱོང་བྱེད་པ། བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པ་བཅས་ཀྱི་ཐབས་ལམ་གཙོ་བོ་ཞིག་རེད། 2016ལོའི“ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སློབ་གསོ་སྤེལ་རེས་ལོར”བྱེད་སྒོ་ཁག་300ཙམ་ཡོད་པ་དང་ལོ་ཧྲིལ་པོའི་དུས་མཚམས་ཁག་ཏུ་ཁྱབ་ལ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྟོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་གཙོ་བོ་ཁག་ཏུའང་ཁྱབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དང་མཉམ་དུ་ཕན་ཚུན་སློབ་སྦྱོང་བྱེད་པ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་རིག་སྟོབས་ཀྱི་རོགས་སྐྱོར་དང་ཤེས་ལྡན་མི་སྣའི་རོགས་སྐྱོར་དེ་བས་ཆེ་བ་བྱས་ནས་འབྲེལ་བ་དེ་བས་ཟབ་པའི་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།