མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་འཚོགས་ནས་ངར་ལྕགས་དང་རྡོ་སོལ་ལས་རིགས་ཀྱིས་ཐོན་ནུས་ལྷག་འཕྲོ་མེད་པར་བཟོ་རྒྱུར་ཆེད་དོན་ལྟ་ཞིབ་བྱས་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་བཀོད་སྒྲིག་དང་། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་འཕར་ཐབས་ཀྱི་སྲིད་ཇུས་དོན་འཁྱོལ་གྱི་སྙན་སེང་གསན་ནས་ཕྱིར་གཏོང་ནང་འདྲེན་བརྟན་ལ་ཡག་པོ་ཡོང་བ། མཐོ་རིམ་སློབ་འབྲིང་དཀྱུས་མའི་ཡིག་ཚགས་དང་གཱ་བཟོས་ཟིན་པའི་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མའི་སློབ་གྲོན་ཙག་ཙིག་རྩ་ཆག་བཏང་ནས་དབུལ་སྐྱོར་འགག་སྒྲོལ་ཡོང་བའི་གཏན་འཁེལ། སྤྱི་ཚོགས་ཀྱི་རོགས་སྐྱོར་དང་། ཚད་གཞི་འགན་ལེན་དང་ཟོག་གོང་མཐོ་རུ་འགྲོ་རྒྱུར་ཟུང་འབྲེལ་མཉམ་འགུལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་གཏན་འཁེལ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དེ་བས་ལེགས་པའི་ངང་འགན་ལེན་བྱ་རྒྱུའི་བཀོད་སྒྲིག་བཅས་གནང་ཡོད་པ་རེད།
         ཚོགས་འདུའི་ཐོག་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་རྒྱལ་ཡོངས་སུ་ངར་ལྕགས་དང་རྡོ་སོལ་ལས་རིགས་ཀྱི་ཐོན་ནུས་ལྷག་འཕྲོ་མེད་པར་བཟོ་རྒྱུར་ཆེད་དོན་ལྟ་ཞིབ་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་འཕེལ་རིམ་བླང་བྱ་དང་དུས་ཚོད་ལ་གཞིགས་ནས་བདེ་བླག་ངང་ལེགས་སྒྲུབ་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད་པ་རེད།
         ཚོགས་འདུའི་ཐོག་རྙོག་འཛིང་ཆེ་ལ་ཛ་དྲག་པའི་རྒྱལ་སྤྱིའི་ཁྲོམ་རའི་ཁོར་ཡུག་གི་མདུན་དུ་ས་ཁུལ་དང་སྡེ་ཚན་ཁག་གིས་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་འཕར་བ་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་རྒྱལ་ཁབ་ཀྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་པས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ནས་རང་རྒྱལ་གྱི་ཕྱི་ཕྱོགས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བཞིན་ཡོད། ཡིན་ནའང་མིག་སྔར་ཕྱི་མཁོ་དམའ་བས་ཕྱི་ཕྱོགས་ཉོ་ཚོང་འཕར་རྒྱུར་ཚོད་འཛིན་བཟོ་བའི་གཞི་རྒྱུ་མང་པོ་ཡོད། གོམ་སྟབས་རྗེས་མར་ད་ཡོད་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་འཕར་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
         《དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་》ཀྱི་བླང་བྱ་ལག་བསྟར་བྱས་ནས་སློབ་གསོ་དྲང་གཞག་ཡོང་བ་བྱ་ཆེད་ཚོགས་འདུའི་ཐོག་2016ལོའི་སྟོན་དུས་སློབ་དུས་ནས་བཟུང་གཞུང་བཙུགས་མཐོ་རིམ་སློབ་འབྲིང་དཀྱུས་མའི་ཡིག་ཚགས་དང་གཱ་བཟོས་ཟིན་པའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་དང་ཡིག་ཚགས་དང་གཱ་བཟོས་མེད་པའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་དབང་སྐྱོན་སློབ་མར་སློབ་གྲོན་ཙག་ཙེག་རྩ་ཆག་གཏོང་བ་དང་། དམངས་བཙུགས་སློབ་གྲྭའི་ཆ་རྐྱེན་འཛོམས་པའི་སློབ་མར་ས་གནས་དེ་གའི་རིགས་གཅིག་པའི་གཞུང་བཙུགས་སློབ་གྲྭའི་ཚད་གཞི་གཞིར་བཟུང་ཁ་གསབ་རོགས་དངུལ་སྤྲོད་དགོས་པ་དང་། ཁྱིམ་ཚང་དབུལ་ཤོས་ཀྱི་སློབ་མར་སྲིད་ཇུས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།
         གཞི་རྩ་འགན་ལེན་དང་དྲང་གཞག་ལ་སྐུལ་མ་བཏང་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཆུ་ཚད་ཟོག་གོང་མཐོ་རུ་ཕྱིན་པའི་རྐྱེན་གྱིས་དམའ་རུ་མི་འགྲོ་བ་བྱ་ཆེད། ཚོགས་འདུའི་ཐོག་ད་ཆ་ལག་བསྟར་བྱེད་པའི་སྤྱི་ཚོགས་ཀྱི་རོགས་སྐྱོར་དང་། ཚད་གཞི་འགན་ལེན་དང་ཟོག་གོང་དང་ཟུང་འབྲེལ་མཉམ་འགུལ་གྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་རིན་གོང་གི་ཁ་གསབ་རོགས་དངུལ་གྱིས་ཟོག་གོང་འགྱུར་ལྡོག་ལ་ཚོར་སྣང་ཡོང་ཤུགས་ཆེ་རུ་བཏང་སྟེ་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་ཡ་ཟླར་དུས་མཚུངས་ལས་འཕར་ཚད་3.5%དང་ཡང་ན་སྟོན་གྲངས་དེའི་ཁྲོད་ཀྱི་བཟའ་བཅའི་རིན་གོང་གི་ཡ་ཟླར་དུས་མཚུངས་ལས་འཕར་ཚད་6%ཟིན་སྐབས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རིན་གོང་གི་ཁ་གསབ་རོགས་དངུལ་སྤྲོད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།