མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ལའེ་
སི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་27ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ལའེ་
སི་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ལའེ་སི་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་འདས་ཟིན་པའི་ལོ་3ནང་ངས་ཙུང་ཐུང་ཨོ་པ་མ་དང་ཐུག་འཕྲད་ཐེངས་མང་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་། ལྷག་པར་དུ་ངེད་གཉིས་ཀྱིས་ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་མཉམ་དུ་ཧུར་ཐག་གཏོད་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐག་བཅད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དེར་བརྟེན་ཨ་རི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་དམ་འཛིན་ཏན་ཏིག་བྱེད་པ་དང་། གདོང་ཐུག་དང་འགོག་རྒོལ་མི་བྱེད་པ་དང་། ཕན་ཚུན་བརྩི་འཇོག་བྱེད་པ། མཉམ་ལས་གཉིས་ཁེ་ཡོང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ། ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། མཉམ་ལས་ཟབ་ཏུ་གཏོང་བ། དགེ་མཚན་ལྡན་པའི་བྱེད་སྟངས་ཐོག་ནས་མི་མཐུན་པའི་ཆ་ཚོད་འཛིན་དོ་དམ་བཅས་བྱས་ཏེ་ཀྲུང་ཨའི་འབྲེལ་བ་རྒྱུན་མཐུད་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཕན་ཚུན་དབར་ཡིད་ཆེས་ཟབ་ཏུ་གཏོང་དགོས་ཤིང་། ཀྲུང་གོའི་འཕེལ་རྒྱས་ཀྱི་དམིགས་ཚད་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་13གྱི་འཚོ་བ་བདེ་སྐྱིད་ཡོང་ཐབས་བྱ་རྒྱུ་དེ་ཡིན། ཀྲུང་གོས་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་གྱུར་རྗེས་བཙན་བདག་བྱེད་པའི་ལམ་བུར་འགྲོ་མི་སྲིད་ལ། ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་སྒྲིག་སྲོལ་ལ་འགྲན་སློང་ཡང་བྱེད་མི་སྲིད། ཀྲུང་ཨའི་ཐུན་མོང་གི་ཁེ་ཕན་དེ་མི་མཐུན་ས་ལས་གལ་ཆེ་བ་ཡོད་པས་མཉམ་ལས་བྱེད་ཐུབ་པ་དང་མཉམ་ལས་བྱེད་དགོས་པའི་ཆ་ཧ་ཅང་མང་པོ་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས་དཔལ་འབྱོར་ཉོ་ཚོང་ལ་མ་དངུལ་འཇོག་པ་སོགས་ཕྱོགས་གཉིས་པོའི་ཁྱབ་ཁོངས་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཕྱོགས་མང་པོའི་ཁྱབ་ཁོངས། རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་བཅས་ཐད་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་དངོས་སྒྲུབ་ཀྱི་མཉམ་ལས་དེ་ཀྲུང་ཨའི་འབྲེལ་བ་བརྟན་པོ་ཡོང་བའི་ཐབས་མཆོག་ཏུ་འགྱུར་བ་བྱེད་དགོས། ཕྱོགས་གཉིས་པོས་མི་མཐུན་པའི་ཆ་ཚོད་འཛིན་དོ་དམ་ནུས་ལྡན་བྱས་ཏེ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱེད་རེས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་བྱེད་པའི་ལས་སྟེགས་གཙོ་བོ་ཡིན་ཞིང་། མིག་སྔའི་དུས་བབ་འོག་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཀྱི་ཨང་དང་གཉིས་ཡིན་པས་ཕན་ཚུན་མཉམ་ལས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ལ་ཡིད་ཆེས་བརྒྱུད་སྤྲོད་བྱེད་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་པ་བཅས་བྱེད་དགོས། ངས་ཟླ་བ་དགུ་པའི་ཟླ་འགོར་ཧང་ཀྲོའུ་རུ་ཙུང་ཐུང་ཨོ་པ་མ་དང་སླར་ཡང་ཐུག་འཕྲད་བྱས་ཏེ་དུས་མཚམས་རྗེས་མའི་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་འཕེལ་རྒྱས་དང་བརྟན་ལྷིང་ཡོང་རྒྱུར་ཁ་ཕྱོགས་གསལ་པོ་མངོན་པ་དང་རྨང་གཞི་འདིང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ལའེ་སི་ཡིས་ཙུང་ཐུང་ཨོ་པ་མས་ཞིས་ཅིན་ཕིང་ལ་འཚམས་འདྲི་ཞུ་ལུགས་བརྒྱུད་བསྒྲགས་བྱས་རྗེས་ཙུང་ཐུང་ཨོ་པ་མ་ཟླ་བ་དགུ་པར་ཀྲུང་གོར་ཕེབས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཧང་ཀྲོའུ་དབུ་ཚོགས་ལ་ཞུགས་རྒྱུ་དང་འབྲེལ་ཀྲུའུ་ཞི་ཞིས་ཅིན་ཕིང་དང་སླར་ཡང་མཇལ་འཛོམས་ཡོང་བའི་རེ་སྒུག་གནང་གི་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་ཀྲུང་འབྲེལ་བར་འཛིན་པའི་དགོངས་ཚུལ་ཙུང་ཐུང་ཨོ་པ་མ་དང་འདྲ་པོ་འདུག ཙུང་ཐུང་ཨོ་པ་མས་ཨ་ཀྲུང་འབྲེལ་བ་ནི་དེང་གི་འཛམ་གླིང་དུ་གལ་ཆེ་ཤོས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བ་ཡིན་པ་ཐོག་མཐའ་བར་གསུམ་དུ་ངོས་འཛིན་གནང་གི་ཡོད། ཀྲུང་གོའི་གྲུབ་འབྲས་དེ་ཨ་རིའི་ཁེ་ཕན་དང་མཐུན་ཡོད་པས་ཨ་ཀྲུང་ཕྱོགས་གཉིས་པོ་མཉམ་ལས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་གསོན་ཤུགས་བསྣན་ཐུབ། ཨ་རི་ཕྱོགས་ཀྱིས་ཐུན་མོང་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་རྒྱུར་མོས་མཐུན་ཡོད་ལ། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་འདི་ཨ་ཀྲུང་འབྲེལ་བ་བརྟན་པོ་ཡོང་བའི་ཐབས་མཆོག་ཏུ་འགྱུར་བ་བྱེད་པ་དང་ཀྲུང་གོ་ཕྱོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་མི་མཐུན་པའི་ཆ་ཚོད་འཛིན་དོ་དམ་ནུས་ལྡན་བྱེད་འདོད་ཀྱང་ཡོད་ཅེས་བཤད་པ་རེད།