མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་བརྡ་ཐོ་བཏང་སྟེ་ཏང་གི་སྐབས་བཅོ་བརྒྱད་
པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་
དྲིལ་བསྒྲགས་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་30ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ནན་ཏན་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ་》བཏང་སྟེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ས་ཁུལ་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
         བརྡ་ཐོའི་ནང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་སྒྲིག་འཛུགས་ནན་ཏན་དང་ཡང་དག་གནད་འཁེལ་ངང་དྲིལ་བསྒྲགས་བྱས་ཏེ། མི་རྣམས་ལ་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བའི་ཁྲིད་སྟོན་དང་། སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་འཁེལ་བའི་ལས་འགན་ཁག་ལ་གཅིག་སྒྲིལ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་ཏན་ཏིག་རྒྱག་པ་དང་ཚད་ལྡན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། འགོ་ཁྲིད་དང་ལས་བྱེད་པ་དང་ལྷག་པར་དུ“འགག་རྩ་ཉུང་ཤས”ཀྱི་མཐོ་རིམ་ལས་བྱེད་པར་དམ་འཛིན་ལྷོད་མེད་བྱེད་པ་བཅས་ཀྱིས་ཐུན་མོང་ཐོག་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཅིག་བཏོད་དེ། ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད།
         བརྡ་ཐོའི་ནང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྐབས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དོན་སྙིང་གལ་ཆེན་དང་། བློ་མཐུན་ཞིས་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། 《དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའི》རྩ་བའི་དགོངས་དོན། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》གི་གཞི་རྩའི་བླང་བྱ་བཅས་ཀྱི་སྟངས་འཛིན་ལ་དོ་སྣང་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
         བརྡ་ཐོའི་ནང་། ཏང་ཡོངས་ཀྱི་བློ་མཐུན་ཚོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་དགོས་པ་དང་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྔར་བས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་། དེ་བས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར། དེ་བས་ཏན་ཏིག་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྔར་བས་དོན་འཁྱོལ་གནད་སྨིན་བཅས་བྱས་ཏེ། དམངས་སེམས་གཅིག་མཐུན་དང་བློ་སྟོབས་གཅིག་སྒྲིལ་གྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མུ་མཐུད་འབད་འཐབ་བྱེད་དགོས་ཞེས་བསྟན་ཡོད།
         བརྡ་ཐོའི་ནང་། རིམ་པ་ཕྱེ་ནས་སློབ་སྦྱོང་སྒྲིག་འཛུགས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སློབ་སྦྱོང་ལ་དམ་འཛིན་ནན་པོ་དང་ཡག་པོ་བྱེད་དགོས། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་ནི་ཏང་ཡོངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པའི་ལས་ཀའི་ལས་འགན་གལ་ཆེན་ལ་བརྩིས་ཏེ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ནང་བཅུག་ནས་སློབ་སྦྱོང་གི་འཆར་གཞི་དང་ཇུས་གཞི་ཞིབ་ཚགས་བཟོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་དང་གནད་འཁེལ་ངང་ཁོང་དུ་ཆུད་པར་སྐུལ་འདེད་གཏོང་དགོས། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་ལ་གཙོ་གནད་དམ་འཛིན་ཡག་པོ་བྱེད་དགོས། རིམ་ཁག་ཏང་ཨུད་(ཏང་ཙུའུ)ཀྱི་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་ནང་དོན་གལ་ཆེན་ལ་བརྩིས་ཏེ་ཆེད་དོན་བཟོས་ནས་བགྲོ་གླེང་དང་། སློབ་སྦྱོང་གཏིང་ཟབ་དང་མཐར་ཕྱིན་པ། མཐའ་གསལ་མཐིལ་རྟོགས་བྱེད་དགོས། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་མཐོ་རིམ་ལས་བྱེད་པའི་སློབ་སྦྱོང་ལ་དམ་འཛིན་ནན་པོ་དང་ཡག་པོ་བྱེད་དགོས། རྣམ་པ་སྣ་ཚོགས་ཀྱི་བགྲོ་གླེང་འཛིན་གྲྭ་དང་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ་མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་ནས་སློབ་སྦྱོང་དང་བགྲོ་གླེང་ལ་སྐུལ་མ་བཏང་སྟེ། ཏང་ཡོངས་སུ་མིག་དཔེ་འདོན་དགོས་པའི་བླང་བྱ་བཏོན་ཡོད།