མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་སྐབས་དྲུག་པའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཚོང་དོན་གླེང་
སྟེགས་ལ་ཞུགས་པ་དང་འབྲེལ་བཞེད་དོན་གཏམ་བཤད་ཀྱང་སྤེལ་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་08ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་5ཉིན་གྱི་ཕྱི་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རི་ཀི་ལ་ཐེ་ཝེ་ཡ་གསོལ་མགྲོན་ཁང་དུ་ཡོ་རོབ་དབུས་ཤར་རྒྱལ་ཁབ་16གི་འགོ་ཁྲིད་མི་སྣ་དང་ལྷན་དུ་སྐབས་དྲུག་པའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཚོང་དོན་གླེང་སྟེགས་ལ་ཕེབས་པ་དང་འབྲེལ་བཞེད་དོན་གཏམ་བཤད་ཀྱང་སྤེལ་གནང་བ་རེད།
         ལི་ཁེ་ཆང་གིས་ལོ་ལྔའི་རིང“16+1མཉམ་ལས”རིམ་བཞིན་ཇེ་ལེགས་སུ་ཕྱིན་ནས་ཡུན་རིང་རྒྱུན་འཁྱོངས་བྱེད་རིན་ཡོད་པའི་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད། གཅིག་ནས་འདྲ་མཉམ་གྲོས་མོལ་དང་ཕན་ཚུན་བརྩི་འཇོག་དང་རོགས་རམ་བྱེད་དགོས་པ་དང་། གཉིས་ནས་གཉིས་ཁེ་གཉིས་ཕན་དང་མཉམ་ལས་གཉིས་ཁེ་ཡོང་བ་བྱེད་དགོས་པ། གསུམ་ནས་སྒོ་དབྱེ་བསྟུན་མཁས་དང་ལག་སྦྲེལ་མཉམ་བསྐྱོད་བྱེད་དགོས་པ། བཞི་ནས་མཉམ་འགུལ་འཕེལ་རྒྱས་དང་མཉམ་གཏོད་མཉམ་རོལ་བྱེད་དགོས་ཞེས་གསུངས་པ་དང་། ད་དུང་ལི་ཁེ་ཆང་གིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱིས་ས་ཁོངས་ཁག་གི་དོན་གཉེར་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ཐད་གྲོས་འགོ་ཁག་ལྔ་བཏོན་གནང་བ་སྟེ།
         གཅིག་ནི་ཕྱོགས་གཉིས་པོའི་ཉོ་ཚོང་གཞི་ཁྱོན་ཆེ་རུ་གཏོང་དགོས་པ་དང་། གཉིས་ནི་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་པ། གསུམ་ནི་ཐོན་ནུས་མཉམ་ལས་གཏིང་ཟབ་བྱེད་དགོས་པ། བཞི་ནི་དངུལ་རྩའི་མཉམ་ལས་བྱ་ཐབས་གསར་གཏོད་བྱེད་དགོས་པ་དང་། 16+1གི་དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་སི་དངོས་སུ་བཙུགས་ནས་16+1གི་སྒྲོམ་གཞིར་ཀྲུང་གོའི་སྒྲིག་ཆས་དང་ཐོན་རྫས་ཉོ་སྒྲུབ་ཀྱི་ཕན་ཚུན་སྦྲེལ་མཐུད་དང་ཐོན་ནུས་མཉམ་ལས་རྣམ་གྲངས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས་པ། ལྔ་ནི་ཡུལ་སྐོར་མཉམ་ལས་ཀྱི་གཏིང་ཤུགས་སྔོག་འདོན་བྱེད་དགོས་པ་བཅས་ཡིན་པ་རེད།
         ལི་ཁེ་ཆང་གིས་ཀྲུང་གོའི་དཔལ་འབྱོར་དུས་བབ་ངོ་སྤྲོད་གནང་བ་དང་འབྲེལ། ཉེ་བའི་ལོ་ཤས་རིང་། འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་ཤུགས་ཆུང་བ་དང་རྒྱལ་ནང་དུ་ཡུན་རིང་གསོག་འཁྱིལ་ཐེབས་པའི་གཏིང་རིམ་འགལ་ཟླ་མངོན་གསལ་དོད་དུ་འགྲོ་བའི་ཛ་དྲག་གི་འགྲན་སློང་མདུན་དུ་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྔ་བར་ཕྱི་གསུམ་དུ་ལུགས་མཐུན་ཁུལ་དུ་རྒྱུན་འཁྱོངས་ཐུབ་ནས་འཕར་ཚད་ཀྱི་མྱུར་ཚད་དེ་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་མདུན་གྲལ་དུ་སླེབས་པ་དང་གྲུབ་ཆ་ལེགས་སྒྲིག་དང་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་ཕྱིན་ཡོད། འདི་ལོའི་ཟླ་བ་དང་པོ་ནས་དགུ་པའི་བར་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་6.7%འཕར་བ་དང་། གསར་འཕར་ལས་ཞུགས་རྒྱུན་མཐུད་བརྟན་པོ་བྱུང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་གོང་མཐོར་ཕྱིན་པ། དཔལ་འབྱོར་འཁོར་སྐྱོད་ཀྱི་སྤྱི་ཡོངས་ཀྱི་ཐད་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་གཏོང་གི་རྣམ་པ་ཐོན་ཡོད་ཅེས་གསུངས་པ་རེད།
         ལི་ཁེ་ཆང་གིས་ཀྲུང་གོའི་དཔལ་འབྱོར་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་བརྟན་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་འབྲེལ་མགྱོགས་མྱུར་ཕྱོགས་སྒྱུར་ཐུབ་པར་ང་ཚོས་རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱས་ཏེ་སྤྱིའི་དགོས་མཁོ་རྒྱ་ཆེར་འོས་འཚམ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ནུས་ལྡན་བྱས་ནས་རྒྱུན་ཆད་མེད་པར་ནང་ངོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུར་བརྟེན་པས་ཡིན། གཅིག་ནས་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་བརྟན་ཐོག་སྐྱོན་བྲལ་གྱི་དངུལ་ལོར་གྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་འབྲེལ་སྤྱི་ཁོག་སྙོམས་སྒྲིག་བྱ་ཐབས་གསར་གཏོད་བྱེད་དགོས་པ་དང་། གཉིས་ནས་སྒྱུར་བཅོས་དང་། སྒོ་དབྱེ། གསར་གཏོད་བཅས་ལ་སྐུལ་འདེད་བཏང་བ་བརྒྱུད་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་དགོས་པ། གསུམ་ནས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱ་ཐབས་སྤྱད་ནས་ཉེན་ཁ་སྔོན་འགོག་དང་ཧུར་ཐག་སེལ་དགོས་པའི་མཛུབ་སྟོན་གནང་བ་རེད།
         ལི་ཁེ་ཆང་གིས་མ་འོངས་པར་རྒྱང་ལྟ་བྱེད་སྐབས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་བ་དང་། ལེགས་ཆ་མང་བ། བསམ་བློ་གཏོང་གཞི་ཆེ་བ་བཅས་ཡོད་པས་མཐོ་འབྲིང་ངང་འཕར་རྒྱུ་དེ་རྒྱུན་འཁྱོངས་ཐུབ་ནས་མྱུར་ཚད་འབྲིང་སྟོད་ཆུ་ཚད་དུ་སླེབས་ཐུབ་རྒྱུར་ང་ཚོས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་ཁྲོམ་ར་ནི་སྒོ་འབྱེའི་ཁྲོམ་ར་ཡིན་པས་སྒོ་འབྱེད་ཤུགས་དེ་བས་ཆེ་རུ་འགྲོ་ངེས་ཡིན། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཤིག་ཡིན་པས་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ལ་ཚོང་ལས་ཀྱི་གོ་སྐབས་ཧ་ཅང་ཆེན་པོ་འཕྲད་ངེས་ཡིན། ཕྱོགས་ཁག་གིས་ལག་གདང་སྦྲེལ་ནས་སྒོ་དབྱེ་བསྟུན་མཁས་དང་གཉིས་ཁེ་གཉིས་ཕན་གྱི་རོགས་ཟླའི་འབྲེལ་བ་གསར་པ་ཧུར་ཐག་བཏོད་ནས་ཐུན་མོང་ཐོག་ཀྲུང་གོ་དང་ཡོ་རོབ་དབུས་ཤར་ཚོང་དོན་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསུ་དགོས་པའི་མཛུབ་སྟོན་གནང་བ་རེད།