མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུ་དེ་ནི་ཕྱོགས་ཡོངས་ནས་ཏང་ནན་
པོས་སྐྱོང་རྒྱུའི་རྨང་གཞི་གལ་ཆེན་ཡིན། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་02ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ། 
         “ཏང་གིས་ཏང་ལ་དོ་དམ་བྱེད་པར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དོ་དམ་བྱ་རྒྱུ་ནས་འགོ་འཛུགས་དགོས་པ་དང་ཏང་ནན་པོས་སྐྱོང་བར་ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་དགོས” ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་མཐོ་ཚད་ཐོག་ནས་རང་རེའི་ཏང་གིས་ཏང་ནང་ཁུལ་དུ་སྤེལ་བའི་ཆབ་སྲིད་འཚོ་བའི་ལོ་རྒྱུས་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་དང་། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུར་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། རྒྱུན་འཛིན་དང་གསར་གཏོད་གཅིག་གྱུར་མཐའ་འཁྱོངས་བཅས་བྱས་ནས་《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ་དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་རྒྱུའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གཙང་མ་བཟོ་རྒྱུར་རྩ་བའི་བསྟུན་ས་མཁོ་འདོན་བྱས་ཡོད།
         ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་དང་ནན་ཏན་ངང་སྤེལ་རྒྱུ་དེ་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་པའི་རང་རེའི་ཏང་དེ་སྲིད་ཏང་གཞན་དང་མི་འདྲ་བའི་ཁྱད་ཆོས་གལ་ཆེན་ཞིག་ཡིན་ལ། རང་རེའི་ཏང་གི་གཟི་བརྗིད་སྲོལ་རྒྱུན་ཞིག་ཀྱང་ཡིན། དུས་ཡུན་རིང་པོའི་ལག་ལེན་ཐོག་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་དང་ནན་ཏན་ཡོང་བ་བྱ་རྒྱུ་དེ་ནི་རང་རེའི་ཏང་གིས་ཏང་གི་ངོ་བོ་དང་དམིགས་ཡུལ་མཐའ་འཁྱོངས་དང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་མཆོག་ནོར་གལ་ཆེན་ཞིག་དང་། ཏང་ནང་ཁུལ་གྱི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་པའི“གསེར་གྱི་ལྡེ་མིག”ཅིག རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཏང་གཤིས་ལ་བཞུན་བརྡར་སྤྲོས་པའི“ཁྲོ་ཐབ་ཆེན་པོ”ཞིག ཏང་སྲོལ་གཙང་མ་ཡོང་བའི“གཙང་བཟོའི་ལག་ཆ”ཞིག་ཡིན་པ་བཅས་ར་འཕྲོད་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་བར་བརྟེན། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཐད་རྣམ་པ་གསར་པ་ཐོན་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ལོ་གསུམ་ལྷག་ཙམ་གྱི་ལག་ལེན་ཐོག་ནས་ཏང་ནང་ཁུལ་དུ་གནས་པའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་ཏང་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ཆེན་པོ་ནུས་ལྡན་ངང་ཐག་གཅོད་བྱེད་པར། གལ་འགངས་ཆེ་ཤོས་ནི་ལམ་ལུགས་ཀྱི་རླུང་ཙི་དམ་འཛིན་ནན་པོ་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནས་དམ་འཛིན་བྱེད་པ་དང་ནན་དུ་བཏང་སྟེ་དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་ཡོང་བ་བྱེད་དགོས་པ་གསལ་བཤད་བྱས་ཡོད།
         ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་གནས་ཚུལ་གསར་པ་དང་ཁྱད་ཆོས་གསར་པ་སྟངས་འཛིན་ནན་པོ་བྱས་ཏེ་ཏང་ནང་ཁུལ་དུ་གནས་པའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ལ་དམིགས་ནས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་རྒྱུ་དང་། ཏང་གི་རྩ་བའི་ལམ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ། ཏང་གི་ཆབ་སྲིད་སྒྲིག་ལམ་ནན་དུ་གཏོང་རྒྱུ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་འདྲེས་པ་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ། དམངས་གཙོ་གཅིག་སྡུད་ལམ་ལུགས་རྩ་དོན་མཐའ་འཁྱོངས་བྱ་རྒྱུ། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་དང་ཏང་ཡོན་གྱི་དབང་ཆ་འགན་ལེན་བྱ་རྒྱུ། ཡང་དག་པའི་མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱ་རྒྱུ། ཏང་རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་ནན་དུ་གཏོང་རྒྱུ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱ་རྒྱུ། དབང་ཆ་སྤྱོད་རྒྱུར་ཚོད་འཛིན་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རང་གཤིས་རྒྱུན་འཁྱོངས་བྱ་རྒྱུ་སོགས་ཕྱོགས་12ཐད་ནས་གཏན་འབེབས་བྱས་པའི་ཐོག་བླང་བྱ་ཡང་ཁ་གསལ་བཏོན་ཡོད། ཚད་གཞིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ཞིབ་ཚགས་སུ་བཏང་ཡོད་ལ། ད་ཕན་ལོ་ཤས་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་བསྟར་རྒྱུའི་བྱེད་ཐབས་རབ་དང་རིམ་པ་ཞིབ་ཚགས་སུ་བཏང་བ་དང་། གནད་དོན་བཏོན་ཡོད་ལ། ཐག་གཅོད་བྱེད་ཐབས་ཀྱང་བཏོན་པ། ཡན་ལག་བཅོས་ཐབས་ཡོད་ལ། རྩ་བཅོས་ཀྱི་བྱེད་ཐབས་ཀྱང་ཡོད་པ་བཅས་ནི་རང་རེའི་ཏང་གིས་བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ཐོག་ནས་ཏང་བཅོས་སྐྱོང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ཞིབ་ཕྲའི་མངོན་ཚུལ་ཞིག་ཡིན།
         ཚད་གཞི་གོ་ཆོད་དང་མི་ཆོད་ཀྱི་འགག་རྩ་དེ་ལག་བསྟར་ཐོག་འཁྱོལ་མིན་ལ་བལྟ་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་ནན་ཏན་ཡོང་བ་བྱས་ཚེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྨང་གཞི་གལ་ཆེན་འདིང་ཐུབ། བསམ་བློའི་སློབ་གསོའི་རྩ་བ་དེ་དམ་འཛིན་ཡག་པོ་བྱེད་པ་དང་ཆབ་སྲིད་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཚེ། གཞི་ནས་རྒྱུན་ཆད་མེད་པར་ཆབ་སྲིད་ཁོར་ཡུག་གི་རྣམ་པ་བཟང་པོ་གཏོད་ཐུབ་ལ། ཏང་ཡོངས་ཀྱི་གོམ་སྟབས་གཅིག་གྱུར་གྱི་རྩ་བ་བརྟན་དུ་གཏོང་ཐུབ་པ་དང་། སྒྲིག་ཁྲིམས་ནན་དུ་གཏོང་རྒྱུའི་འགག་རྩ་དེ་དམ་འཛིན་བྱས་ནས་ཏང་ནང་ཁུལ་གྱི་ལམ་ལུགས་གཅུན་འདོམས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཚེ། གཞི་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་དེ“ལྷུག་པོ་ཟབ་ཟོབ”ནས“ནན་ལ་ཏན་ཏིག”གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཐུབ་པ། མི་སྣ་འདེམས་སྤྱོད་ཀྱི་སྟོན་ཕྱོགས་དེ་དམ་འཛིན་ཡག་པོ་བྱས་ནས་མི་སྣ་འདེམས་སྤྱོད་ཀྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་ཤུགས་ཆེན་བྱས་ཚེ། གཞི་ནས་མི་སྣ་འདེམས་སྤྱོད་ཀྱི་སྤྱོད་ཚུལ་བཟང་པོའི་ཐོག་ནས་ཆབ་སྲིད་ཁོར་ཡུག་དྭངས་གཙང་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ། རྩ་འཛུགས་ཀྱི་འཚོ་བའི་རྒྱུན་གཏན་རང་བཞིན་གྱི་བྱེད་ཐབས་ཡག་པོ་སྤྱད་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་དར་སྲོལ་བཟང་པོ་གཏོད་ཚེ། གཞི་ནས་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་སློབ་གསོ་དོ་དམ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་ཐེབས་ཐུབ་པ། འགག་རྩའི་ལྷུ་ཚིགས་ཡིན་པའི་རྒྱུན་འཛིན་དང་གསར་གཏོད་དམ་འཛིན་ཡག་པོ་བྱས་ནས་དུས་ཡུན་རིང་པོའི་ནང་ཆགས་པའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་། ནང་དོན་དང་། རྣམ་པ། གཞི་རྟེན། བྱེད་ཐབས་སོགས་ཐད་ནས་རྒྱུན་ཆད་མེད་པར་ལེགས་བཅོས་དང་གསར་གཏོད་བཅས་བྱས་ཚེ། གཞི་ནས་དེ་བས་ལེགས་པའི་སྒོ་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནུས་པ་འདོན་སྤེལ་བྱེད་ཐུབ། ཚད་གཞི་བསྟུན་སར་བྱེད་པ་དང་། འགལ་ཟླར་དམིགས་ནས་བཅོས་སྒྲིག གནད་དོན་ལ་དམིགས་ནས་དམ་འཛིན་བཅས་བྱས་ཏེ་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་བཏོད་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྩ་ལག་མཉམ་བཅོས་ཀྱི་ཕན་འབྲས་ཐོན་པ་བྱེད་དགོས།
         ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ནམ་ཡང་ལམ་དུ་འགྲོ་མུས་ཡིན། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་ཏུ་གཏོང་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་ཚེ། ང་ཚོས་སྲིད་གཙང་སྤྱོད་གཙང་གི་ཆབ་སྲིད་ཁོར་ཡུག་གཏོད་ཐུབ་ངེས་ཡིན་ལ། དེ་བས་ལེགས་པའི་སྒོ་ནས་ལོ་རྒྱུས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་འཁུར་ཐུབ་ངེས་ཡིན།

  
2016-10-19 2016-10-14