མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་བརྡ་ཐོ་བཏང་ནས་བློ་མཐུན་ཀའོ་པའོ་ལའེ་ཡི་སྔོན་
ཐོན་མཛད་རྗེས་ལ་སློབ་སྦྱོང་བྱེད་དགོས་པའི་བླང་བྱ་བཏོན་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་བརྡ་ཐོ་པར་འགྲེམས་བྱས་ནས་རྒྱལ་ཡོངས་སྲིད་ཁྲིམས་ལས་ཁུངས་ཀྱིས་བློ་མཐུན་ཀའོ་པའོ་ལའེ་ཡི་སྔོན་ཐོན་མཛད་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་མགྱོགས་མྱུར་སྤེལ་དགོས་པ་མ་ཟད། སློབ་སྦྱོང་བྱེད་སྒོ་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དང་། ཉམས་སད་ཐེག་ཐུག་པའི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་བ་བཅས་ཀྱི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས། རྒྱ་ཆེའི་ལས་བྱེད་ཉེན་རྟོག་པས་བློ་མཐུན་ཀའོ་པའོ་ལའེ་མིག་དཔེར་འཛིན་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཁྲིམས་སྐྱོང་བསམ་པ་བརྟན་པོ་སྲུང་བ། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ལྷག་བསམ་རྣམ་དག་ངང་ལས་འགན་སྒྲུབ་པ། འབད་འབུངས་ཡར་བརྩོན་གྱིས་ལས་གནས་གོང་དུ་བཀུར་བ། ལེགས་སྐྱེས་ཧུར་ཐག་འབུལ་བ། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་ལས་རྗེས་གཏོད་པ་བཅས་ཀྱིས་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་བློ་མཐུན་ཀའོ་པའོ་ལའེ་ཡི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་དད་སེམས་བརྟན་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་རང་གཤིས། ལེགས་སྐྱེས་ཧུར་ཐག་འབུལ་བ་དང་འགན་འཁུར་ཕོད་པའི་ལས་རིགས་ཀྱི་ཀུན་སྤྱོད། དཀའ་སྤྱད་བབ་ཆགས་དང་སྤྱོད་གཙང་གཞུང་དྲང་གི་བླ་ན་མེད་པའི་བསམ་པ་བཅས་ལ་སློབ་སྦྱོང་ཞུས་ཏེ། ང་དང་མི་དམངས་ཀྱིས་དཀྲིས་པའི་བླ་ན་མེད་པའི་ལས་འགན་ཁྲིམས་ལྟར་ལག་ལེན་བསྟར་ནས་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བཅས་བྱེད་པའི་ཁྲོད་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དགོས་ཞེས་བསྟན་ཡོད།
         ཀའོ་པའོ་ལའེ་སྐུ་མ་གཤེགས་གོང་སྡེ་ཁུལ་དུ་བཅའ་སྡོད་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཧའེ་ཏིང་ཆུས་ཡན་ལག་ཅུས་ཨིན་ཅིས་ཀྲོང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་རིམ་པ་དང་པོའི་ཉེན་རྟོག་པ་ཞིག་རེད། 2015ལོའི་ཟླ་5ཚེས་22ཉིན་སྙུང་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་ནུས་མི་ཐོན་པར་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་58རེད།