མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་བཏང་
ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་བྱུང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་22ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། གྲོལ་མ་ཐག་པའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་ནི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་རྗེས་སུ་ཀྲུང་དབྱང་གིས་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ད་རེས་ཀྱི་ཚོགས་འདུའི་ཐོག“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། མིག་སྔའི་ཞིང་ལས་དང་གྲོང་གསེབ་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། 2017ལོའི་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་བོར་བཟུང་སྟེ་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་འཕེལ་བར་བྱས་ནས་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་གཏོད་དགོས་ཞེས་ནན་བཤད་ཀྱང་བྱས་ཡོད། དེ་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་ཕྱི་ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི“ཞིང་གསུམ”ལས་དོན་ཡག་པོ་སྤེལ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད།
         དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག་མིག་སྔའི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་ཡོད། ཞིང་འབྲོག་པའི་ཡོང་འབབ་འཕར་བའི་མྱུར་ཚད་དལ་དུ་སོང་བ་དང་། ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པའི་དཀའ་ཚད་ཆེ་རུ་ཕྱིན་པ། “ཞིང་གསུམ”ལས་དོན་ལ་ལྷོད་གཡེང་གཏོང་བའི་རྣམ་པ་ཞིག་བསྐྱར་དུ་ཐོན་འགོ་ཚུགས་ཡོད། རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ནང་འཕེལ་སྒུལ་རྐྱེན་དང་ཕྱི་རོལ་ཡུལ་གྱི་ཁོར་ཡུག་ལ་ཆེ་ལ་ཟབ་པའི་འགྱུར་ལྡོག་་འགྲོ་བ་དང་། གྲུབ་ཆ་རིམ་སྤོར་དང་། བྱེད་སྟངས་འགྱུར་ལྡོག སྒུལ་ཤུགས་བརྗེ་སྒྱུར་བཅས་ཀྱི་ལས་སྟེགས་དུས་སྐབས་ཤིག་ཏུ་སླེབས་པ། “ཞིང་གསུམ”ལས་དོན་དེ་གྲུ་གཟིངས་གྱེན་གཏོང་དང་ལ་བརྒྱབ་ཀླུང་བརྒལ་གྱི་འགག་སྒྲོལ་དུས་སྐབས་སུ་སླེབས་ཡོད། ཡར་བརྩོན་ལྷོད་མེད་བྱས་ན་མ་གཏོགས་ཞིང་ལས་འདི་ཉིད་སྐས་རིམ་གསར་པར་སླེབས་མི་ཐུབ། གལ་ཏེ་ལྷོད་གཡེར་ཤོར་ན་འཕེལ་རྒྱས་འགྲོ་མཚམས་ཆད་ནས་རང་གནས་སུ་ལུས་རྒྱུ་དང་ཐ་ན་ཕྱིར་བཤོལ་ཡང་ཐེབས་སྲིད། དེས་ན་ངེས་པར་དུ“ཞིང་གསུམ”གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་ལས་གཡོ་འགུལ་མི་གཏོང་བའི་ཁར་ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་ལ་ཤུགས་སྣོན་རྒྱག་དགོས་ལུགས་ནན་བཤད་བྱེད་སྟངས་ལ་འགྱུར་བ་མི་གཏོང་བ་དང་བྱེད་ཤུགས་ཆུང་དུ་མི་གཏོང་བར་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་དུས་བབ་ཡག་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས།         དུས་བབ་གསར་པའི་འོག་རང་རྒྱལ་ཞིང་ལས་ཀྱི་འགལ་བ་གཙོ་བོ་དེ་སྤྱི་འབོར་མི་འདང་བ་ནས་གྲུབ་ཆའི་རང་བཞིན་གྱི་འགལ་བར་གྱུར་པ་དང་། དུས་མཚམས་རང་བཞིན་གྱི་མཁོ་ཉུང་སྤྲོད་མང་དང་མཁོ་སྤྲོད་མི་འདང་བའི་གནས་ཚུལ་གཉིས་མཉམ་གནས་ཀྱི་རྣམ་པ་ཞིག་འབུར་དུ་ཐོན་པ། འགལ་བ་བྱུང་ཕྱོགས་གཙོ་བོ་ནི་མཁོ་སྤྲོད་ཕྱོགས་ཡིན་པ་མ་ཟད། ད་དུང་གཙོ་བོ་ནི་གྲུབ་ཆའི་རང་བཞིན་དང་ལམ་སྲོལ་རང་བཞིན་གྱི་གནད་དོན་རེད། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་རྒྱལ་གྱི་ཞིང་ལས་སྲིད་ཇུས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཁ་ཕྱོགས་གཙོ་བོ་ཞིག་རེད།
         ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ན་ལྷད་མེད་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་གནས་བབ་མངོན་གསལ་དོད་པོ་ཞིག་གི་ཐོག་བཞག་ནས་ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་བཟང་སྒྲིག་བྱེད་དགོས་པ་སྟེ། ཁྲོམ་རའི་དགོས་མཁོར་གཞིགས་ནས་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་། གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་འཕེལ་རྒྱས་བཏང་ནས་གཉེར་སྐྱོང་གྲུབ་ཆ་ལེགས་སྒྲིག་བྱེད་པ། དགེ་མཚན་ཆེ་རིགས་ལ་གཞིགས་ནས་ཁུལ་ཁོངས་གྲུབ་ཆ་ལེགས་སྒྲིག་བྱེད་པ། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་བཏང་ནས་ཞིང་ལས་ཁོར་ཡུག་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐག་གཅོད་བྱེད་པ་བཅས་བྱས་ནས་ཞིང་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཐོན་ཁུངས་བཀོད་སྒྲིག་ནང་གི་ཁྲོམ་རའི་རག་ལས་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་བས་ཡག་པོ་བྱ་རྒྱུར་དམ་པོར་དམིགས་ཏེ་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེ་རིགས་ཀྱི་རིན་གོང་གྲུབ་པའི་ནང་རྐྱེན་དང་གསོག་ཉར་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་བདག་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ནོར་སྲིད་ཞིང་སྐྱོར་གཏོང་ཆ་བེད་སྤྱོད་ལམ་སྲོལ་སྒྱུར་བཅོས་བྱེད་དགོས། གྲོང་གསེབ་ཀྱི་དངུལ་རྩ་གསར་གཏོད་མགྱོགས་པོ་བྱེད་དགོས། གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
         ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནི“ཞིང་གསུམ”ཁྱབ་ཁོངས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་ཡིན་པ་དང་། སྒྱུར་བཅོས་ཀྱི་ཁ་ཕྱོགས་གསལ་པོ་བྱུང་ཡོད་ལ་མཐའ་ཚད་ཀྱང་གཏན་འཁེལ་བྱུང་ཡོད། གྲོང་གསེབ་སྒྱུར་བཅོས་ནི་གཞི་རིམ་གྱི་གསར་གཏོད་ལ་བརྩི་འཇོག་བྱས་པ་ལས་ཐོབ་པའི་གྲུབ་འབྲས་ཤིག་ཡིན་པས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་སྐབས་མཆོག་ནོར་དེ་མུ་མཐུད་བེད་སྤྱོད་ཡག་པོ་གཏོང་དགོས།
         གཞི་རིམ་གྱི་ལག་ལེན་ལ་བརྩི་འཇོག་དང་ཞིང་པར་གསར་གཏོད་བྱ་རྒྱུའི་ལྕག་སྐུལ་བྱས་ནས་སྒྱུར་བཅོས་གསར་གཏོད་ཀྱི་ཁོར་ཡུག་ཡངས་པོ་ཞིག་འབད་བརྩོན་ཆེན་པོས་གཏོད་དགོས།
         དུས་སང་ནི“ལོ་ལྔ་ཚན་བཅུ་གསུམ་པ”ཡི་འཆར་འགོད་ལག་ལེན་བསྟར་བའི་ལོ་གལ་ཆེན་ཞིག་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལོ་ཞིག་ཡིན་པས་ང་ཚོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི“ཞིང་གསུམ”ལས་དོན་གྱི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། ངོས་འཛིན་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་གཙོ་གནད་དེ་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་སྒྱུར་བ། ཆོད་སེམས་བརྟན་པོས་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

  
2016-12-01 2016-11-30