མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གིས་སྐམ་ས་ཆེ་མོར་ལས་ཞུགས་
བྱེད་མཁན་ཐའེ་དབན་གྱི་ཡུལ་མིར་སྡོད་ཁང་གི་སྤྱི་གསོག་མ་དངུལ་བཅོལ་བ་དང་
སྤྱོད་པའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པ་མཱ་ཞའོ་ཀོང་གིས་ཉེ་དུས་སྐམ་ས་ཆེ་མོའི་འབྲེལ་ཡོད་སྡེ་ཚན་གྱིས་སྤུན་ཟླ་ཐའེ་དབན་བས་སྐམ་ས་ཆེ་མོར་སློབ་སྦྱོང་དང་། ལས་ཞུགས། ལས་གཏོད། འཚོ་བ་སྐྱེལ་བ་བཅས་ཀྱི་ཐད་མཐུན་རྐྱེན་སྦྱོར་བའི་སྲིད་ཇུས་དང་བྱེད་ཐབས་སྔ་རྗེས་སུ་ཡོངས་བསྒྲགས་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་སྔར་བཞིན་སྲིད་ཇུས་དང་བྱེད་ཐབས་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
        བྱེད་ཐབས་ཁག་གཅིག་ཉེ་དུས་འདོན་རེ་ཡོད་པ་སྟེ། དེའི་ནང་སྐམ་ས་ཆེ་མོར་ལས་ཞུགས་བྱེད་མཁན་ཐའེ་དབན་གྱི་ཡུལ་མིར་སྡོད་ཁང་གི་སྤྱི་གསོག་མ་དངུལ་བཅོལ་བ་དང་སྤྱོད་པའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། སྐམ་ས་ཆེ་མོར་སྡོད་པ་དང་། ལས་ཞུགས། སློབ་གཉེར་བཅས་བྱེད་མཁན་གྱི་ཐའེ་དབན་གྱི་ཡུལ་མི་སྐམ་ས་ཆེ་མོར་སྤྱི་ཚོགས་ཀྱི་འགན་བཅོལ་ནང་ཞུགས་ཆོག་པ། ནོར་སྲིད་པུའུ་དང་སློབ་གསོ་པུས་སྐམ་ས་ཆེ་མོའི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་མཁན་གྱི་ཐའེ་དབན་གྱི་སློབ་མར་གཟི་བརྗིད་མཚན་སྙན་མཐོ་བའི་ངོ་བོ་ལྡན་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་རྣམ་གྲངས་འཛུགས་རྒྱུ་ཡིན་པ། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་ཞག་སྡོད་བྱ་ཡུལ་ཁེ་ལས་ལ་སྤུན་ཟླ་ཐའེ་དབན་བར་སྔར་བས་སྟབས་བདེ་བའི་ཡུལ་སྐོར་ཞག་སྡོད་ཀྱི་ཞབས་ཞུ་བྱེད་དགོས་པའི་བླང་བྱ་བཏོན་པ། དངུལ་ཁང་ལས་རིགས་ཀྱིས་སྤུན་ཟླ་ཐའེ་དབན་བའི་གྲངས་ཉུང་ཡིད་རྟོན་གཱའི་ཞབས་ཞུ་ལེགས་སུ་གཏོང་རྒྱུ། དངུལ་ཁང་ཁག་གཅིག་གིས་སྤུན་ཟླ་ཐའེ་དབན་བའི་ཡིད་རྟོན་གཱ་འདུན་ཞུའི་ལས་སྒོའི་སྲིད་ཇུས་ལེགས་སྒྲིག་བྱས་པའམ་ཡང་ན་ལེགས་སྒྲིག་བྱེད་རྩིས་ཡོད་པ། སློབ་གསོ་པུས་འབྲེལ་ཡོད་ཀྱི་སྲིད་ཇུས་ལ་ཞིབ་འཇུག་བྱས་ཏེ་སྐམ་ས་ཆེ་མོར་སློབ་སྦྱོང་བྱེད་མུས་ཀྱི་ཐའེ་དབན་གྱི་སློབ་མ་སློབ་ཐོན་དང་ལས་ཞུགས་ལ་སྲིད་ཇུས་ཐད་ཀྱི་སྟབས་བདེ་བསྐྲུན་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་སོགས་ཚུད་ཡོད་པ་རེད།